e-texts navigator
Collection
Volume
Page
Wylie

269a1 ཐོབ་པར་འདོད་པ་རྣམས་དང་། རྟག་པར་རྒྱུན་མི་འཆད་པ་དང་། བར་ཆད་མེད་པར་རྒྱུད་ཆེན་པོའི་དེ་ཁོ་ན་རྟོགས་པར་འདོད་པ་རྣམས་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྒྱན་གྱིས་བདག་ཉིད་བརྒྱན་པར་འདོད་པ་རྣམས་ཀྱིས་ཡོན་ཏན་གྱི་ཚོགས་ཆེན་པོ
269a2 བསགས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡང་དག་པར་བསྟེན་པ་འདི་ཐོག་མར་སྒྲིམ་པ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་བསམས་པའི་ཆོ་ག་ཇི་སྐད་བསྟན་པ་བཞིན་དུ་བླང་བར
269a3 བྱའོ། །སྙིང་རྗེའི་མཆོག་ཅེས་བྱ་བའི་གཟུངས་རྫོགས་སོ།། @##། །རྒྱ་གར་སྐད་དུ། ཀྲོ་དྷ་བི་ཛ་ཡ་ཀལྤ་གུ་ཧྱ་ཏནྟྲ། བོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག
269a4 འཚལ་ལོ། །དེ་ནས་འཇམ་པའི་དབྱངས་ཀྱི་ནི། །ཁྲོ་བོ་འདི་མིང་གཤིན་རྗེའི་གཤེད། །མཚོན་ཆ་མེ་ལྕེ་འབར་བས་འཁྲུགས། །དྲག་ལ་མཐུ་རྩལ་དྲག་ལྡན་པ། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱི་ནི་ལག་ཆ་ཤོར། །དེ་བཞིན་དུ་ནི་འཇིག་རྟེན་པའི། །
269a5 ལྷ་རྣམས་ལུས་ཀྱིས་འདུད་པར་བྱེད། །གཞན་ཡང་ཐལ་མོ་སྦྱར་བྱས་ཏེ། །སྐྲག་ནས་སྟོད་པ་མང་པོ་བྱེད། །ལྷ་རྣམས་མང་པོ་ཇི་སྙེད་ཀུན། །འཇམ་དཔལ་ཁྲོ་བོའི་གཟི་བརྗིད་ཀྱིས། །གཟིར་བཞིན་དུ་ནི་རབ་སྨྲས་པ། །བཅོམ་ལྡན་བདག་ཅག་སངས་རྒྱས་དང་། །
269a6 ཆོས་དང་དགེ་འདུན་སྐྱབས་མཆིས་ཀྱིས། །རབ་ཏུ་མི་བཟད་འཇིགས་པའི་གཟུགས། །གཟི་བརྗིད་འབར་བས་ཕྱོགས་ཁྱབ་པ། །ཁམས་གསུམ་འཁྲུགས་པར་མཛད་པ་མཐོང་། །གང་ཚེ་ལྷ་དང་ལྷ་མིན་རྣམས། །སྐྲག་ནས་སྐྱབས་སུ་དོང་བ་ན། །དེ་ཆེ་འཇམ
269a7 པའི་དབྱངས་ཀྱི་ནི། །ཁྲོ་བོས་སླར་ཡང་ཞི་བར་གྱུར། །གཤིན་རྗེ་གཤེད་ཅེས་བྱ་བ་ཡི། །ཁྲོ་བོ་ཆེན་པོ་ཞི་བ་ལ། །དེ་ནས་སྐྱབས་སུ་དོང་བ་ཡི། །ལྷ་རྣམས་ཀུན་གྱིས་ཞུས་པ་ནི། །ཁྱོད་ཀྱི་བརྩོན་འགྲུས་མཆོག་འཚལ་བས། །ཅི་ལྟ་བུར་ན་མཉེས་པར་བགྱི། །




iiif viewer powered by OpenSeadragon

268b - 269b

Texts on this page

D603 - snying rje'i mchog ces bya ba'i gzungs
D604 - khro bo rnam par rgyal ba'i rtog pa gsang ba'i rgyud