T38

śatapañcāśatka-nāma-stotra
brgya lnga bcu pa zhes bya ba'i bstod pa

Wylie
[110a] རྒྱ་གར་སྐད་དུ། ཤ་ཏ་པཉྩ་ཤ་ཏི་ཀ་ནཱ་མ་སྱ་སྟོ་ཏྲ། བོད་སྐད་དུ། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གང་ཞིག་ལ་ནི་ཉེས་པ་ཀུན།། གཏན་ནས་ཡོང་ཡེ་མི་མངའ་ཞིང་།། གང་ལའང་རྣམ་པ་ཐམས་ཅད་དུ།། ཡོན་ཏན་ཐམས་ཅད་གནས་གྱུར་པ།། གལ་ཏེ་སེམས་ཤིག་ཡོད་ན་ནི།། དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་།། དེ་བསྟོད་དེ་ནི་བཀུར་བ་དང་།། དེ་ཡི་བསྟན་ལ་གནས་པའི་རིགས།། ཐམས་ཅད་མཁྱེན་པ་ཡོན་ཏན་ཀུན།། མངའ་ལ་དེ་ཡང་ཉམ་མི་མངའ།། ཉེས་པ་བག་ཆགས་བཅས་དེ་ཡང་།། སྐྱོབ་པ་གཅིག་པུ་ལ་མི་མངའ།། བཅོམ་ལྡན་འདས་ཀྱི་སྐུ་དང་ནི།། གསུང་དང་ཐུགས་ཀྱི་ཕྲིན་ལས་ལ།། ཞེ་འགྲས་གྱུར་པ་གང་གིས་ཀྱང་།། ཆོས་དང་ལྡན་པར་གླགས་མི་རྙེད།། རྒྱ་མཚོར་གཉའ་ཤིང་བུ་ག་རུ།། རུས་སྦལ་མགྲིན་པ་ཆུད་པ་ལྟར།། དམ་ཆོས་དགའ་སྟོན་ཆེར་བཅས་པའི།། མི་ཉིད་བདག་གིས་ཐོབ་ནས་ནི།། མི་རྟག་ཉིད་དང་རྗེས་འབྲེལ་ཞིང་།། ལས་ཀྱི་ཀླགས་ལ་དོགས་བཅས་པ།། བདག་གི་ལྕེ་འདི་ཉིད་ཀྱིས་གོ།། སྙིང་པོ་ཅི་ཕྱིར་བླང་མི་བྱ།། དེ་ལྟར་ཐུབ་པའི་ཡོན་ཏན་ཀྱི།། ཡུལ་ལྟ་གྲངས་མེད་ཤེས་མོད་ཀྱི།། རང་གི་དོན་ལ་གུས་པ་ཡིས།། དེ་ཡི་ཕྱོགས་གཅིག་བསྒྲིམས་ཏེ་བརྗོད།། གང་གི་ཡོན་ཏན་གྲངས་དག་དང་།། མཐུ་ལ་ཐུག་པ་མ་མཆིས་ལ།། རྨད་བྱུང་ཕྲིན་ལས་དཔག་མེད་ཅན།། རང་བྱུང་ཁྱོད་ལ་ཕྱག་འཚལ་ལོ།། འདི་སྙེད་བགྱི་བའི་མཐའ་མེད་ན།། འདི་ལྟར་ལགས་ཞེས་ཅི་ཞིག་སྨོས།། [110b] ཁྱོད་ཀྱི་ཡོན་ཏན་སླད་དུ་བདག་།། བསོད་ནམས་སྙམ་ནས་སྤྱི་བརྟོལ་སྐྱེས།། བསྟོད་པ་གླེང་བསླང་བ་སྟེ་ལེའུ་དང་པོའོ།། །། སྤྱོད་དམ་མི་སྤྱོད་སྙམ་པ་ཡི།། རྣམ་པར་རྟོག་པ་རྣམ་སྤངས་ནས།། འགྲོ་བ་འདི་ནི་ཉམ་ཐག་ཅེས།། ཁྱོད་བདག་ཉིད་ཀྱིས་ཞལ་གྱིས་བཞེས།། ཁྱོད་ནི་མ་བཅོལ་ལགས་མཛད་པ།། ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས།། ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ།། འབྲེལ་པ་མེད་པའི་གཉེན་འདུན་ལགས།། ཉིད་ཀྱི་ཤ་ཡང་སྩོལ་མཛད་ན།། དངོས་པོ་གཞན་ལྟ་སྨོས་ཅི་འཚལ།། ལེགས་མཛད་ཁྱོད་ཀྱིས་སྲོག་ཀྱང་ནི།། སློང་བའི་སྐྱེ་བོ་རྣམས་ལ་བཏང་།། ཉིད་ཀྱི་སྐུ་དང་སྲོག་དག་གིས།། ལུས་ཅན་གཤེད་མས་ཟིན་རྣམས་ཀྱི།། ལུས་དང་སྲོག་ཀྱང་ཁྱོད་ཀྱིས་ནི།། ལན་བརྒྱ་ཕྲག་དུ་བསླུ་བ་མཛད།། ངན་འགྲོས་བསྙེངས་སླད་མ་ལགས་ལ།། བཞེད་པའི་འགྲོ་བའང་སྒྲུབ་མ་ལགས།། དགོངས་པ་དག་པ་འབའ་ཞིག་གིས།། ཁྱོད་ཀྱིས་ཚུལ་ཁྲིམས་གོམས་པར་མཛད།། རྟག་ཏུ་གྱ་གྱུ་རྣམ་སྤངས་ཤིང་།། དྲང་བརྟན་རྣམས་ནི་རྟག་བསྟེན་པས།། ཡོངས་སུ་དག་པའི་ལས་རྣམས་ཀྱིས།། ཁྱོད་ནི་གཞི་རྟེན་གཅིག་པུར་གྱུར།། སྡུག་བསྔལ་མང་པོས་གཟིར་བ་ན།། ཁྱེད་ཀྱིས་དགེ་བའི་ཐུགས་ཀྱིས་ནི།། ཉོན་མོངས་རྣམས་ལ་སྲན་བཙུགས་ནས།། སྐྱེ་བོ་ཉོན་མོངས་ཅན་ལ་བརྩེ།། ཁྱོད་ཀྱིས་གཞན་གྱི་དོན་སླད་དུ།། སྐུ་སྲོག་བཏང་ནས་དགྱེས་གྱུར་གང་།། དེ་འདྲ་སྲོག་ཆགས་འགུམས་པ་ལས།། སོས་པ་རྣམས་ལའང་བྱུང་མ་གྱུར།། ཁྱོད་ནི་ལན་འགའ་མ་ལགས་པར།། གཏུབས་ཀྱང་སྡུག་བསྔལ་མི་དགོངས་པར།། གཤེད་མ་བགྱིད་པའི་སེམས་ཅན་ལའང་།། གཙོ་བོ་ཐུགས་རྗེར་གྱུར་པ་གང་།། ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ།། རྫོགས་པའི་བྱང་ཆུབ་ས་བོན་ཏེ།། དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན།། དེ་གཞན་སྐྱེ་བོས་འོལ་མི་མཆི།། དཀའ་སྤྱད་ལས་ནི་མ་བགྱིས་པར།། གོ་འཕང་རྙེད་དཀའ་མི་འཐོབ་ཅེས།། དེ་སླད་ཉིད་ལའང་མ་གཟིགས་པར།། ཁྱོད་ཀྱི་བརྩོན་འགྲུས་ལེགས་པར་སྤེལ།། ཁྱད་པར་འཕགས་པར་བགྱི་བ་ལ།། ཁྱོད་ལ་ཐང་ལྷོད་འགའ་མ་བྱུང་།། དེ་སླད་ཁྱོད་ཀྱི་ཁྱད་པར་རྣམས།། ཐོག་དྲུང་རིམ་པ་དབྱེར་མ་མཆིས།། [111a] ཐུགས་ནི་ཐུགས་རྗེ་ཆེན་པོ་དང་།། རྟག་ཏུ་རྗེས་སུ་འབྲེལ་སླད་དུ།། ཏིང་འཛིན་འབྲས་བུར་བཅས་པ་ཡི།། ཤིན་ཏུ་བདེ་ལའང་ཁྱོད་མ་ཆགས།། གཞན་དང་ཐུན་མོང་མ་ལགས་པའི།། བདེ་བ་གང་དེ་གྱ་ནོམ་ཡང་།། དམ་པའི་སྤྱོད་ལྡན་ཁྱོད་འདྲ་ལ།། གནོད་པར་བས་ཀྱི་སྨན་མ་མཆིས།། འདྲེས་པ་ལས་ནི་ལེགས་བཤད་ཉིད།། སྙིང་པོ་སྐྱོན་མེད་ཉི་ཚེ་ཞིག་།། ཁྱོད་ཀྱིས་ཀུན་བཞེས་ཐུགས་ལ་བཞག་།། ཉེས་བཤད་དུག་བཞིན་ཡོངས་སུ་སྤངས།། རིན་ཆེན་སྙིང་པོ་མཁྱེན་ཁྱོད་ཀྱིས།། ལེགས་བཤད་སྲོག་གིས་འཇལ་བ་ན།། སྐྱེ་བ་དེ་དང་དེ་དག་ཏུ།། བྱང་ཆུབ་སླད་དུ་དཔའ་རྩལ་བསྟན།། དེ་སླད་གྲངས་མེད་གསུམ་དག་ཏུ།། ཁྱོད་ནི་དེ་ལྟར་བརྩོན་པ་ན།། བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་པས།། གོ་འཕང་བླ་ན་མེད་པ་བརྙེས།། རྒྱུ་ལ་བསྟོད་པ་སྟེ་ལེའུ་གཉིས་པའོ།། །། མཐོ་ལ་ཕྲག་དོག་མི་མཛད་ཅིང་།། དམའ་ལ་རྔན་ཅན་མི་མཛད་ལ།། མཉམ་ལ་འགྲན་པ་མི་མངའ་བས།། ཁྱོད་ནི་འཇིག་རྟེན་གཙོ་བོར་གྱུར།། ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ།། མངོན་བགྱིས་འབྲས་བུ་རྣམས་ལ་མིན།། ཡང་དག་སྒྲུབ་པ་དེ་ཉིད་ཀྱིས།། ཁྱོད་ཀྱི་ཡོན་ཏན་ཕ་མཐར་ཕྱིན།། ཇི་ལྟར་ཁྱོད་ཀྱི་ཞབས་རྡུལ་ཡང་།། བསོད་ནམས་སྐྱེ་བ་མཆེད་འགྱུར་བ།། དེ་ལྟར་ཁྱོད་ཀྱིས་ལེགས་སྤྱད་པས།། བདག་ཉིད་རབ་ཏུ་བསྐྲུན་པ་མཛད།། ཉེས་པ་ཉམས་སྨད་རྩ་ནས་བཏོན།། ཡོན་ཏན་སྤེལ་ནས་རྣམ་པར་སྦྱངས།། གཞུང་ལུགས་བཟང་པོ་དེས་ན་ཁྱོད།། གྲུབ་མཆོག་ལྷག་པར་བརྙེས་པ་ལགས།། ཇི་ལྟར་བདག་གི་རྒྱུད་ལ་དེ།། བག་ཆགས་ལྷག་མའང་མ་ལུས་པ།། དེ་ལྟར་རྣམ་པ་ཐམས་ཅད་དུ།། ཉེས་པ་ཁྱོད་ཀྱིས་རབ་ཏུ་བཅོམ།། ཇི་ལྟར་གཞན་ལ་དེ་དག་དང་།། འདྲ་བ་ཙམ་ཡང་མི་གདའ་བ།། དེ་ལྟར་ཁྱོད་ཀྱིས་བསགས་བསགས་ནས།། བདག་ཉིད་ལ་ནི་ཡོན་ཏན་བསྒྲུབས།། འཇིག་རྟེན་པ་ཡི་དཔེ་དངོས་ཀུན།། གེགས་བགྱིད་པ་དང་སྒྲིབ་པ་ཅན།། རེ་ཞིག་པ་དང་ཉི་ཚེ་བ།། ཤིན་ཏུ་རྙེད་པར་སྲ་བ་ལགས།། ཁྱོད་ཀྱིས་ཡོན་ཏན་བླ་མེད་ལ།། གེགས་བགྱིད་མ་མཆིས་རྟོགས་མ་མཆིས།། [111b] བརྟན་པ་དང་ནི་རྒྱུན་ཆགས་པས།། དཔེ་ལྟ་མཆིས་པར་ག་ལ་འགྱུར།། གང་ཚེ་ཁྱོད་ཀྱི་དགོངས་པའི་དཀྱིལ།། གཏིང་དང་ཕ་རོལ་མེད་བརྟགས་ན།། རྒྱ་མཚོ་ཟབ་པ་ཉིད་ཀྱང་ནི།། གནག་རྗེས་ལྟ་བུར་ས་ལེར་གདའ།། ཆོས་རྣམས་ཀུན་གྱིས་མི་བསྐྱོད་པ།། ཁྱོད་ཀྱི་བརྟན་པ་མངོན་བསམས་ན།། ས་ཡི་བརྟན་པ་ཉིད་ཀྱང་ནི།། ཤིར་ཤའི་གེ་སར་རྩེ་ལྟར་ཆུང་།། ཐུབ་པ་ཁྱོད་ཀྱི་ཡེ་ཤེས་ཀྱི།། སྣང་བས་མི་ཤེས་རབ་རིབ་དག་།། འཇོམས་པའི་ཐད་ན་ཉི་མ་ཡང་།། མེ་ཁྱེར་ཙམ་དུའང་མི་སྤྱོད་དོ།། ཁྱོད་ཀྱི་གསུང་ཐུགས་མཛད་སྤྱོད་རྣམས།། དག་པའི་གན་ན་སྟོན་ཟླ་དང་།། ཆུ་དང་ནམ་མཁའི་དག་པ་རྣམས།། དྲི་མ་ཅན་ནི་ལྟ་བུར་གདའ།། འཇིག་རྟེན་ལེགས་པ་གང་ཅིའང་རུང་།། ཐམས་ཅད་བསྔོས་ནའང་དེར་བས་ཏེ།། ཉོན་མོངས་འཇིག་རྟེན་ཆོས་རྣམས་ཀྱིས།། སངས་རྒྱས་ཆོས་ལ་ཁྱད་མི་ཁོར།། རིན་ཆེན་ཆོས་གང་བརྙེས་ནས་ཁྱོད།། མཆོག་ཏུ་གྱུར་པ་དེ་ཉིད་དང་།། ཁྱད་དུ་བསྒྲུན་ཞིང་དེ་དང་ནི།། ཁྱོད་དང་བསྒྲུན་ལྡོམ་ཁོ་ནར་བས།། གང་ལ་སྤྱི་ཙམ་བསྟུན་ནས་ནི།། ཅུང་ཟད་བརྗོད་པར་བགྱིད་པ་དེ།། སྨྲ་བ་པོ་ཡི་རང་དགའ་དང་།། ཐབས་དང་གཅམ་བུ་ཙམ་དུ་བས།། དཔེ་མེད་པ་ལ་བསྟོད་པ་སྟེ་ལེའུ་གསུམ་པའོ།། །། ཁྱོད་ནི་བདུད་ལས་རྣམ་རྒྱལ་ཏེ།། འགྲོ་ཀུན་དད་པར་མཛད་པ་ཡང་།། བདག་གིས་ཆོས་ཉིད་རྗེས་བསམས་ན།། ཆེན་པོ་ལྟར་གང་མ་མཐོང་ངོ་།། སྡང་བས་རྒོལ་བར་རྩོལ་བྱེད་པ།། མང་པོའང་གཞོམ་པར་བྱ་བ་ནི།། ཁྱད་པར་གནས་ལ་བརྟེན་པ་ཡི།། བཟོད་པའི་ཚེགས་སུ་མཚར་མི་ཆེ།། གང་ཚེ་བདུད་རྣམས་མངོན་བཏུལ་བ།། དེ་ཡི་ནུབ་མོ་ཁོ་ན་ལ།། ཉོན་མོངས་ཤིན་ཏུ་ཆེ་སྤངས་པ།། དེ་ཉིད་རྨད་དུ་བྱུང་བ་ལགས།། འོད་ཟེར་ཕྲེང་བ་སྟོང་ལྡན་པའི།། ཉི་མས་མུན་བསལ་གང་ལགས་དང་།། དཔའ་བོ་ཁྱོད་ཀྱིས་མུ་སྟེགས་ལས།། རྒྱལ་བར་མཛད་པ་ཅི་ཞིག་མཚར།། འདོད་ཆགས་བྲལ་བས་ཆགས་བཅས་དང་།། ཞེ་སྡང་བྲལ་བས་ཞེ་སྡང་ཅན།། གཏི་མུག་བྲལ་བས་རྨོངས་པ་སྟེ།། གསུམ་པོས་རྟག་ཏུ་གསུམ་དག་བཏུལ།། དམ་ཆོས་རབ་ཏུ་བསྟོད་པ་དང་།། དམ་ཆོས་མ་ལགས་སྨོད་མཛད་ཀྱང་།། དམ་པ་དག་དང་ཐ་མ་ལ།། ཁྱོད་ནི་ཆགས་དང་ཁྲོ་མི་མངའ།། [112a] དགྲ་བཅོམ་པ་དང་མུ་སྟེགས་ལ།། རྗེས་སུ་ཆགས་དང་ཁོང་ཁྲོ་བར།། ཁྱོད་ཀྱི་ཐུགས་ནི་མི་འགྱུར་ན།། ཁྱོད་ལ་བསྟོད་དུ་ཅི་ཞིག་མཆིས།། ཡོན་ཏན་རྣམས་ལའང་མ་ཆགས་ལ།། ཡོན་ཏན་ཅན་ལའང་བཞེད་མི་མངའ།། ཀྱེ་མའོ་ཁྱོད་ཀྱི་ཐུགས་སྟོབས་ནི།། རབ་དང་ཡོངས་སུ་དག་པ་ལགས།། དབང་པོ་རྣམས་ནི་རབ་དང་བ།། དུས་རྣམས་རྟག་ཏུ་མི་ཉམས་པས།། ཁྱོད་ཐུགས་རྟག་ཏུ་དང་བ་དག་།། མངོན་སུམ་གྱུར་པ་བཞིན་དུ་གདའ།། རང་བཞིན་དམ་པ་ལེགས་གསུངས་དང་།། མཛད་སྤྱོད་བཟང་པོས་བསྒྲགས་པས་ན།། ཁྱོད་ཀྱི་བློ་གྲོས་དགོངས་པ་དག་།། རྣམ་དག་བྱིས་པའི་བར་ལ་གྲགས།། རྨད་དུ་བྱུང་བའི་བསྟོད་པ་སྟེ་ལེའུ་བཞི་པའོ།། །། ཉེ་བར་ཞི་ལ་ཡིད་དུ་འོང་།། འབར་ལ་གནོད་པ་མཛད་མི་མངའ།། དུལ་ལ་རྔོམ་བརྗིད་ཆེ་བ་ཡིས།། སྐུ་འདིས་སུ་ཞིག་དད་མི་མཛད།། ཁྱོད་ཀྱི་སྐུ་དེ་གང་གིས་ན།། ལན་བརྒྱར་མཐོང་དང་གང་ཞིག་གིས།། དང་པོར་མཐོང་བ་དེ་གཉིས་ཀ་། འདྲ་བར་མིག་ནི་མགུ་བར་མཛད།། ཁྱོད་ཀྱི་སྐུ་ནི་མཛེས་པའི་ཕྱིར།། བལྟ་བས་མི་ངོམས་རང་བཞིན་པས།། མཐོང་ངོ་ཅོག་ནི་ཕྱི་ཕྱིར་ཞིང་།། དགའ་བ་བསྐྱེད་པར་མཛད་པ་ལགས།། རྟེན་གྱི་ཡོན་ཏན་དག་དང་ནི།། བརྟེན་པའི་ཡོན་ཏན་ཕན་ཚུན་དུ།། འཚམ་པས་ཁྱོད་ཀྱི་སྐུ་དང་ནི།། ཡོན་ཏན་ཕུན་ཚོགས་མཆོག་དང་ལྡན།། མཚན་དང་དཔེ་བྱད་བཟང་འབར་བ།། ཁྱོད་ཀྱི་སྐུ་ལས་མ་གཏོགས་པ།། དེ་བཞིན་གཤེགས་པའི་ཡོན་ཏན་འདི།། གཞན་གང་ཞིག་ལ་ལེགས་གནས་འགྱུར།། ཁྱོད་སྐུ་རྟེན་པའི་ཡོན་ཏན་ལ།། ང་དཔལ་ཆེ་ཞེས་གསུང་གསུང་ལྟར།། དེ་ཡི་ཡོན་ཏན་རྣམས་ཀྱང་སླར།། དེས་ལེགས་བཀོད་ཅེས་གསུངས་པ་འདྲ།། སྐུ་ལ་བསྟོད་པ་སྟེ་ལེའུ་ལྔ་པའོ།། །། འགྲོ་བ་འདི་དག་ཐམས་ཅད་ནི།། ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས།། ཁྱོད་ནི་འགྲོ་བའི་ཉོན་མོངས་དག་།། དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས།། དང་པོར་ཁྱོད་ལ་ཕྱག་བགྱིའམ།། འོན་ཏེ་གང་གིས་འཁོར་བར་ཁྱོད།། སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར།། བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི།། [112b] དབེན་པའི་བདེ་བ་སྤང་གྱུར་ཁྱོད།། མང་པོའི་ནང་དུ་བཞུགས་པ་གང་།། དེ་ཁྱོད་ཐུགས་རྗེས་དུས་འདས་པ།། གླགས་ཤིག་ཐོད་ནས་བགྱིས་པར་བས།། རིག་པ་ཡིས་ནི་མཚོ་ནང་ནས།། ཀླུ་བཞིན་ཁྱོད་ཀྱི་ཐུགས་རྗེ་ཡིས།། དགོན་པ་ཞི་གནས་གྲོང་གི་མཐར།། གདུལ་བའི་དོན་གྱི་སླད་དུ་དྲངས།། ཉེར་ཞི་མཆོག་ལ་གནས་བཞིན་དུ།། ཐུགས་རྗེ་གཙོ་དང་ལྡན་པས་ན།། རོལ་མོ་མཁན་གྱི་སྒྱུ་རྩལ་ཡང་།། ཁྱོད་ཀྱི་ཞབས་ཀྱི་འདོར་བར་མཛད།། རྫུ་འཕྲུལ་སེང་གེའི་སྒྲ་དང་ནི།། ཉིད་ཀྱི་ཡོན་ཏན་བརྗོད་པ་གང་།། དེ་ནི་བཞེད་སྤྱོད་མི་མངའ་བ།། ཁྱོད་ཀྱི་ཐུགས་རྗེས་བསྟན་པ་ལགས།། གཞན་གྱི་དོན་དུ་རབ་བཟང་གི།། ཉིད་ཀྱི་དོན་ལ་བརྩེ་མེད་པས།། མགོན་པོ་ཁྱོད་ཉིད་འབའ་ཞིག་ལ།། ཐུགས་རྗེས་ཐུགས་རྗེ་མཛད་མ་གྱུར།། འདི་ལྟར་རེས་འགའ་བརྟན་པས་གང་།། གཞན་དོན་བསྒྲུབ་པ་མཛད་སླད་དུ།། ཁྱོད་ནི་ལན་བརྒྱར་ཕྱོགས་དག་ཏུ།། གཏོར་མ་བཞིན་དུ་བཏང་བ་ལགས།། དེ་ལྟར་ཁྱོད་ལ་གནོད་མཛད་ཀྱང་།། ནོངས་པ་ཅན་དུ་མི་རྩི་བས།། ཁྱོད་ཀྱི་བཞེད་པ་ཁོ་ན་དང་།། མཐུན་འཇུག་པ་ནི་ལགས་པར་གདའ།། ཐུགས་ལ་བསྟོད་པ་སྟེ་ལེའུ་དྲུག་པའོ།། །། ཚིག་བཟང་བ་དང་དོན་ཆེ་དང་།། བདེན་པ་དང་ནི་སྙན་པ་དང་།། ཟབ་གསལ་གཉིས་ཀའི་དོན་ལྡན་དང་།། བསྡུས་དང་སྤྲོས་པ་དང་ལྡན་པ།། ཁྱོད་ཀྱི་གསུང་ནི་དེ་ལྟ་བུ།། ཁྱོད་ཀྱི་དགྲ་བོས་ཐོས་ན་ཡང་།། ཐམས་ཅད་མཁྱེན་པ་ལགས་སོ་ཞེས།། སུ་ཞིག་ངེས་པ་སྐྱེ་མི་འགྱུར།། མང་པོ་རིལ་གྱིས་སྙན་པ་ལགས།། བཅོས་མ་འགའ་ཙམ་སྙན་པ་ལགས།། ཁྱོད་ཀྱི་གསུང་དོན་གྲུབ་པས་ཀྱང་།། ཐམས་ཅད་ལེགས་གསུངས་ཁོ་ན་ལགས།། ཁྱོད་ཀྱི་གསུང་ནི་རྣམ་བརྟགས་ན།། གང་ཞིག་འཇམ་དང་རྩུབ་པ་དང་།། གང་ཡང་དེ་གཉིས་ལྡན་པ་དག་།། ཐམས་ཅད་རོ་གཅིག་ཉིད་དུ་འགྱུར།། ཨེ་མའོ་ཤིན་ཏུ་ཡོངས་དག་པའི།། ཕྲིན་ལས་རྣམས་ཀྱང་རབ་ཏུ་བཟོ།། དེ་ཡིས་རིན་ཆེན་གསུང་རྣམས་ཀྱི།། སྣོད་འདི་འདྲ་བ་འདི་བགྱིས་སོ།། ཁྱོད་ཞལ་བལྟ་ན་རབ་སྡུག་པ།། དེ་ལས་མཉན་ན་སྙན་པ་ཡི།། གསུང་འདི་དག་ནི་ཟླ་བ་ལས།། བདུད་རྩི་འཛག་པ་བཞིན་དུ་གདའ།། ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི།། རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ།། [113a] ཞེ་སྡང་སྦྲུལ་ནི་གདོན་པའི་ཕྱིར།། ནམ་མཁའ་ལྡིང་དང་འདྲ་བ་ལགས།། ཡང་དང་ཡང་དུ་མི་ཤེས་པའི།། རབ་རིབ་འཇོམས་པས་གདུགས་དང་འདྲ།། ང་རྒྱལ་རི་བོ་མངོན་འཇོམས་པས།། བརྒྱ་བྱིན་མཚོན་ཆ་འདྲ་བ་ལགས།། དོན་གཟིགས་པས་ནི་མི་སླུ་བ།། ནོངས་མི་མངའ་ཕྱིར་རྗེས་སུ་མཐུན།། ལེགས་པར་སྦྱར་བས་གེ་སླ་སྟེ།། ཁྱོད་ཀྱི་གསུང་ནི་ལེགས་གསུམ་ལྡན།། རེ་ཞིག་དང་པོར་ཁྱོད་ཀྱི་གསུང་།། ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད།། དེ་ནས་ཡིད་ལ་བསམ་བགྱིས་ན།། རྡུལ་དང་མུན་པ་དག་ཀྱང་སེལ།། ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་།། བག་མེད་རྣམས་ནི་སྐྲག་པར་མཛད།། བདེ་བ་ཅན་དག་སྐྱོ་བགྱིད་པས།། ཁྱོད་གསུང་ཀུན་དང་འཚམ་པར་འཇུག་།། མཁས་པ་རྣམས་ཀྱི་དགའ་བ་སྐྱེད།། བར་མ་རྣམས་ཀྱི་བློ་ཡང་སྤེལ།། ཐ་མའི་རབ་རིབ་རྣམ་འཇོམས་པས།། གསུང་འདི་སྐྱེ་བོ་ཀུན་ལ་སྨན།། ལྟ་བ་དག་ལས་དགར་མཛད་ཅིང་།། མྱ་ངན་འདས་པར་ཉེ་བར་འདྲེན།། ཉེས་པ་སེལ་མཛད་ཁྱོད་ཀྱི་གསུང་།། ཡོན་ཏན་རྣམས་ཀྱི་ཆར་ཡང་འབེབས།། ཀུན་ལ་མ་ཐོགས་ཐུགས་མངའ་ཞིང་།། དགོངས་པའང་ཀུན་དུ་ཉེར་གནས་པས།། དེ་སླད་ཁྱོད་ཀྱིས་ལུང་བསྟན་ཀུན།། ཐམས་ཅད་ལ་ཡང་སླུ་མི་མངའ།། གང་སླད་ཡུལ་མིན་དུས་མིན་དང་།། སྣོད་མིན་རྣམས་སུ་མི་འཇུག་པ།། དེ་སླད་ཁྱོད་གསུང་དོན་མཆིས་ཏེ།། བརྩོན་འགྲུས་ལེགས་པར་བརྩམས་པ་བཞིན།། གསུང་ལ་བསྟོད་པ་སྟེ་ལེའུ་བདུན་པའོ།། །། བགྲོད་པ་གཅིག་དང་ཐབས་བདེ་དང་།། ལེགས་པར་འབྲེལ་དང་ཉེས་པ་མེད།། ཐོག་མ་བར་དང་མཐར་དགེ་བས།། ཁྱོད་ཀྱི་བསྟན་འདྲ་གཞན་ལ་མེད།། ཁྱོད་ཀྱི་གཞུང་ལུགས་དེ་ལྟ་བུ།། གཅིག་པུ་ཕངས་ལ་ལྟ་ཆགས་པས།། བྱིས་པ་གལ་ཏེ་སྨོད་བགྱིད་ན།། ལྟ་དང་འདྲ་བའི་དགྲ་མ་མཆིས།། གཞན་ནི་འགྲོ་བའི་དོན་སླད་དུ།། སྡུག་བསྔལ་མང་བསྟར་གང་ལགས་པ།། དེ་བསམས་ཁྱོད་བསྟན་ངན་ན་ཡང་།། གནས་པར་བགྱི་བ་ལ་ཐུག་ན།། ཕན་པ་གསུང་ཞིང་ཕན་མཛད་པ།། ཁྱོད་ཀྱི་བསྟན་པ་ཅི་སྨོས་ཏེ།། མགོ་ལ་ཞུགས་ནི་འབར་བས་ཀྱང་།། ཅི་ཡི་སླད་དུ་སྒྲུབ་མི་བགྱིད།། [113b] ཁྱོད་ཀྱི་བསྟན་པས་རང་དབང་དང་།། བྱང་ཆུབ་བདེ་དང་ཞི་བ་དང་།། ཁྱོད་ཀྱི་ཡོན་ཏན་བསྔགས་པ་དང་།། ལེགས་པ་བཞི་པོ་འདི་ཀུན་ཐོབ།། དཔའ་བོ་ཁྱོད་ཀྱི་བསྟན་པ་འདི།། མུ་སྟེགས་ཐམས་ཅད་སྐྲག་མཛད་ལ།། བདུད་ནི་སེམས་ཁོང་ཆུད་མཛད་ཅིང་།། ལྷ་དང་མི་རྣམས་དབུགས་ཀྱང་འབྱིན།། འཆི་བདག་བསྟན་པ་ཁམས་གསུམ་གྱི།། ས་ཆེན་དག་ན་སྤྱོད་བགྱིད་པ།། མི་ཐོགས་བཟློག་པ་མ་མཆིས་པའང་།། ཁྱོད་ཀྱི་བསྟན་པས་ཟིལ་གྱིས་མནན།། ཁྱོད་ཀྱི་བསྟན་པའི་ལུགས་འཚལ་བ།། དགའ་ན་བསྐལ་པར་ཡང་གནས་ལ།། གང་དུ་བདུད་ཀྱིས་མི་རྫི་བ།། དེར་ཡང་དགའ་མགུར་རབ་ཏུ་མཆི།། ལུང་གི་དོན་ནི་བསམ་པ་དང་།། བསྒོམ་དང་གུས་པར་མཉན་པ་ཡི།། དུས་གསུམ་ཆ་དབྱེ་ཁྱོད་ཀྱི་ནི།། བསྟན་ལས་གཞན་ལ་མཆིས་མ་ལགས།། དྲང་སྲོང་སྐྱེས་མཆོག་ཁྱོད་ཀྱི་བསྟན།། དེ་ལྟར་ལེགས་པས་ཁྱབ་འདི་ལ།། མ་གུས་གང་ལགས་དེ་ལས་ནི།། སྡུག་བསྔལ་ཆེན་པོའང་ཅི་ཞིག་མཆིས།། བསྟན་པ་ལ་བསྟོད་པ་སྟེ་ལེའུ་བརྒྱད་པའོ།། །། ཁྱོད་ཐོས་པས་ནི་སྤྲོ་བ་སྐྱེ།། མཐོང་བས་དད་པ་སྐྱེ་བར་འགྱུར།། ཁྱོད་གསུང་ཐོས་པས་དགའ་འགྱུར་ཏེ།། བསྟན་པས་རྣམ་པར་གྲོལ་བར་མཛད།། ཁྱོད་ཀྱི་སྲས་ཀྱིས་མགུ་བར་འགྱུར།། འཕེལ་བས་སྐྱེ་དགུ་རྣམས་ཀྱང་དགའ།། གཤེགས་པ་ན་ནི་ཕན་འདོགས་མཛད།། ལྡོག་པ་ན་ནི་རྒུད་པར་འགྱུར།། བསྒྲགས་པས་སྡིག་པ་འཕྲོག་པར་མཛད།། ཁྱོད་དྲན་པས་ནི་རངས་པར་འགྱུར།། བཙལ་བས་བློ་གྲོས་སྐྱེ་འགྱུར་ཏེ།། ཡོངས་སུ་ཤེས་པས་རྣམ་པར་འདག་།། ཁྱོད་ལ་བསུ་བས་དཔལ་དུ་བྱེད།། བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར།། བསྟེན་ན་འཇིགས་པ་མེད་པར་མཛད།། བསྙེན་བཀུར་བགྱིས་པས་བདེ་བར་འགྱུར།། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་དག་།། བསམ་གཏན་ཕུན་སུམ་ཚོགས་པས་དང་།། ཤེས་རབ་ཕུན་ཚོགས་མི་འཁྲུགས་པས།། ཁྱོད་ནི་བསོད་ནམས་མཚོ་ཆེན་ལགས།། ཁྱོད་སྐུ་བལྟར་འོས་རིན་ཆེན་ཏེ།། ལེགས་གསུངས་མཉན་འོས་རིན་ཆེན་ལགས།། ཆོས་ནི་སྤྱད་འོས་རིན་ཆེན་པས།། ཁྱོད་ནི་རིན་ཆེན་འབྱུང་གནས་ལགས།། ཁྱོད་ནི་ཆུ་བོས་བདས་པའི་གླིང་།། སྨས་པའི་བདག་ཉིད་སྐྱོབ་པ་སྟེ།། [114a] སྲིད་པའི་འཇིགས་པས་ཉེན་པའི་སྐྱབས།། ཐར་འཚལ་རྣམས་ཀྱི་འདྲེན་པ་ལགས།། ཚུལ་ཁྲིམས་དག་ཕྱིར་སྣོད་ཀྱི་མཆོག་།། ཞིང་གཤིན་འབྲས་བུ་ཕུན་སུམ་ཚོགས།། སྲོག་ཆགས་ཀུན་ལ་ཕན་མཛད་ཕྱིར།། གྲོགས་ཀྱི་ཕུལ་ཡང་ཁྱོད་ལགས་སོ།། ཕན་འདོགས་མཛད་པས་མཛའ་བཤེས་ཏེ།། འགྲོགས་ན་བདེ་ཕྱིར་སྙིང་དུ་སྡུག་།། ཞི་ཕྱིར་གཅིག་ཏུ་ཡིད་དུ་འོང་།། ཡོན་ཏན་ཀུན་མངའ་མཆོད་འོས་ཁྱོད།། སྡིག་པ་མེད་པས་ཡིད་དང་འཐད།། སྐུ་གསུང་བཟང་བས་དགའ་བར་མཛད།། དོན་ཀུན་འགྲུབ་ཕྱིར་དཔལ་ཡངས་ཏེ།། ཡོན་ཏན་ལེགས་རྟེན་བཀྲ་ཤིས་ལགས།། སྨོན་ལམ་ལ་བསྟོད་པ་སྟེ་ལེའུ་དགུ་པའོ།། །། ཁྱོད་ནི་རྔན་ཐེན་བགྱིད་ལ་སྐུལ།། ཆོམ་རྐུན་བགྱིད་པ་ཚར་ཡང་གཅོད།། གྱ་གྱུ་ཅན་རྣམས་རྣལ་དུ་འགོད།། དལ་བུས་བགྱིད་ལ་གཞེན་སྐུལ་འདེབས།། དུལ་བ་རྣམས་ནི་ལམ་ལ་སྦྱོར།། དམུ་རྒོད་རྣམས་ལ་བཏང་སྙོམས་མཛད།། དེ་སླད་སྐྱེས་བུ་འདུལ་བ་ཡི།། ཁ་ལོ་སྒྱུར་བ་བླ་མེད་མཆོག་།། ཁྱོད་ནི་ཉམ་ཐག་རྣམས་ལ་བརྩེ།། བདེ་བར་གནས་ལ་ཕན་པར་དགྱེས།། ཕོངས་པར་གནས་ལ་ཐུགས་རྗེ་བས།། ཀུན་ལ་ཕན་པར་བཞེད་པ་ལགས།། ཁྱོད་ནི་དགྲ་བོ་རྣམས་ལའང་བྱམས།། ཉམས་པར་གྱུར་ལ་ཕན་འདོགས་མཛད།། གཏུམ་པོ་རྣམས་ལ་ཐུགས་བརྩེ་བས།། ཁྱོད་ནི་ཡ་རབས་རྨད་ཅིག་ལགས།། ཕན་འདོགས་བགྱིད་སླད་ཕ་མ་དག་།། གལ་ཏེ་བླ་མར་འཚལ་ན་གོ།། ཁྱོད་ནི་ལྷག་པར་ཕན་འདོགས་པས།། བླ་མ་ཉིད་གྱུར་སྨོས་ཅི་འཚལ།། རང་གི་དོན་ལ་མི་ལྟ་བས།། ཉིད་ཀྱི་དགྲ་བོ་ལྟར་གྱུར་ཅིང་།། གཡང་སའི་མུན་ན་གནས་རྣམས་ལ།། ར་བ་ལྟ་བུར་གྱུར་པའང་ཁྱོད།། འཇིག་རྟེན་གཉིས་ཀར་སྨན་གདགས་དང་།། འཇིག་རྟེན་ལས་ནི་འདའ་སླད་དུ།། མུན་པར་གྱུར་པའི་འཇིག་རྟེན་ལ།། ཁྱོད་ཀྱིས་ཤེས་རབ་སྣང་བར་མཛད།། ཡུལ་ལ་ཉེ་བར་སྤྱོད་པ་ན།། ལྷ་མིའི་སྤྱོད་པ་ཐ་དད་ཀྱང་།། ཆོས་ཀྱི་ལོངས་སྤྱོད་ཐུན་མོང་བས།། ཁྱོད་ལ་དབྱེ་བ་མི་མངའོ།། བཅོམ་ལྡན་ཁྱོད་ཀྱིས་སྐྱེ་བ་དང་།། ན་ཚོད་རིགས་དང་ཡུལ་དང་ནི།། དུས་ཀྱི་སྐྱོན་མེད་ཆོས་རྣམས་ཀྱིས།། [114b] འདི་དག་ཀུན་ལ་སྨན་ཡོན་བཏགས།། ཁྱོད་ཀྱི་ཉན་ཐོས་སྲིད་བྲལ་ཞིང་།། ཡ་མཚན་འཛིན་པ་མེད་རྣམས་ལའང་།། ལྷ་རྣམས་ཐལ་སྦྱར་སྨོན་བགྱིད་ཅིང་།། ཡ་མཚན་ཆེ་བ་ལྟ་བུར་མཆོད།། ཨེ་མའོ་སངས་རྒྱས་འཁོར་བ་ཡི།། ཉིད་གུར་གྱུར་པ་བྱུང་བ་བརྗིད།། དེས་ནི་མི་ཡང་ལྷ་རྣམས་ཀྱིས།། སྨོན་པར་བྱ་བ་ཉིད་དུ་གྱུར།། ལམ་ལ་འཇུག་པ་ལ་བསྟོད་པ་སྟེ་ལེའུ་བཅུ་པའོ།། །། མཉེལ་དང་ཞེ་བདེ་ཉམས་གྱུར་དང་།། སྐྱེ་བོ་ངན་དང་འགྲོགས་པ་དང་།། མི་མཐུན་པ་དང་མང་པོ་ཡི།། སྐྱོན་ཡང་ཡོན་ཏན་བཞིན་དགོངས་ཤིང་།། འགྲོ་བའི་དོན་སླད་མ་ཆགས་པའི།། ཐུགས་ཀྱིས་བརྩོན་པ་གང་མཛད་པ།། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི།། ཆོས་ཉིད་བཅོམ་ལྡན་དེ་རྨད་དོ།། བཤོས་ཀྱང་ཕལ་པ་གསོལ་མཛད་ཅིང་།། རེས་འགའ་སྨཡུང་བ་དག་ཀྱང་མཛད།། ཉམ་ངའི་ཤུལ་དུའང་གཤེགས་མཛད་ཅིང་།། རད་རོད་ཅན་དུའང་མནལ་བ་མཛད།། མགོན་ཁྱོད་གཙོ་བོར་གྱུར་ལགས་ཀྱང་།། གདུལ་བྱ་རྣམས་ལ་བྱམས་སླད་དུ།། སྐུ་ངས་བརྔོ་དང་གཅམ་ཚུལ་དང་།། སྐད་དང་ཆ་ལུགས་སྒྱུར་བའང་མཛད།། ཀུན་གྱིས་དགའ་མགུར་རང་དོན་ཕྱིར།། བྲན་བཞིན་བསྐོར་བར་བསྒྲིམས་པ་ལས།། མགོན་ཁྱོད་རྟག་ཏུ་བདག་ཉིད་ལ།། མངའ་མ་མཆིས་པའང་མ་ལགས་སོ།། ཁྱོད་ལ་གང་དང་གང་དུ་ཡང་།། ཇི་སྐད་བསྐུལ་བའང་མི་སྤོང་སྟེ།། ཉིད་ཀྱི་སྒྲུབ་པ་བཟང་པོ་ལས།། འདའ་བར་འགྱུར་བ་མ་མཆིས་སོ།། ཇི་ལྟར་ཁྱོད་ནི་གནོད་བགྱིད་ལ།། ཕན་པ་ལྷུར་མཛད་དེ་ལྟ་བུར།། སྐྱེ་བོ་དག་ནི་ཕན་བགྱིད་ལའང་།། ཕན་པ་དེ་ལྟར་ལྷུར་མི་བགྱིད།། ཁྱོད་ནི་གནོད་བགྱིད་དགྲ་བོ་ལ།། ཕན་པ་མཛད་པའི་བཤེས་ལགས་ཏེ།། རྟག་ཏུ་སྐྱོན་དག་ཚོལ་བ་ལ།། ཡོན་ཏན་འབའ་ཞིག་ཚོལ་བ་ལགས།། ཁྱོད་ནི་གང་ན་དུག་བཅས་ཤིང་།། ཞུགས་དང་བཅས་པར་སྤྱན་དྲངས་པ།། དེར་ནི་བརྩེར་བཅས་གཤེགས་པ་དང་།། ཁྱོད་ལ་བདུད་རྩི་ཅན་དུ་གྱུར།། བཟོད་པས་མི་སྙན་བརྗོད་པ་དང་།། འཁུ་བ་དག་ནི་བདེ་ལེགས་ཀྱིས།། མི་སྙན་སྨྲ་ལ་བདེན་པས་ཏེ།། ཁྱོད་ཀྱིས་སྡང་བ་བྱམས་པས་བཏུལ།། ཐོག་མ་མེད་དུས་གོམས་པ་ཡིས།། མི་ཡི་རང་བཞིན་མང་པོ་ཡང་།། [115a] ཁྱོད་ཀྱིས་ངན་སོང་རྣམ་བཟློག་ནས།། སྐད་ཅིག་ཉིད་ལ་ཡོངས་སུ་བསྒྱུར།། དཀའ་བ་མཛད་པ་ལ་བསྟོད་པ་སྟེ་ལེའུ་བཅུ་གཅིག་པའོ།། །། རྩུབ་པ་དང་འཇམ་བགྱིས་པ་དང་།། འཇུངས་པ་རྣམས་ནི་གཏོང་ཕོད་དང་།། གཏུམ་པ་དེས་པར་བགྱིས་པ་གང་།། དེ་ནི་ཁྱོད་ཀྱི་ཐབས་མཁས་ལགས།། དགའ་བོའི་དབང་པོ་ཉེར་ཞི་དང་།། ང་རྒྱལ་ཁེངས་པ་འདུད་པ་དང་།། སོར་མོའི་ཕྲེང་བའང་ཞི་བགྱིས་ན།། སུ་ཞིག་ངོ་མཚར་བསྐྱེད་མི་བགྱིད།། ཁྱོད་ཀྱི་ཆོས་ཀྱི་རོས་ཚིམ་པས།། གསེར་ལས་བགྱིས་པའི་མལ་སྤངས་ནས།། རན་མང་བཏིང་བའི་གནས་མལ་དུ།། བརྟེན་རྣམས་བསོད་ཉམས་ཉལ་བར་བགྱིད།། ཁྱོད་ཀྱིས་དུས་དང་བསམ་མཁྱེན་པས།། རེས་འགའ་ཞུས་ནའང་མི་གསུང་ལ།། སྤྲོས་གྱུར་གཞན་ལ་བསྟན་པ་དང་།། དྲུང་དུ་གཤེགས་ནས་བཤད་པའང་མཛད།། དྲི་མེད་གོས་ལ་ཚོན་བཞིན་དུ།། ཐོག་མར་སྦྱིན་སོགས་གཏམ་དག་གིས།། སེམས་ལ་སྤྲོ་བ་བསྐྱེད་ནས་ནི།། ཕྱི་ནས་ཆོས་ནི་བསྟན་པ་མཛད།། འཁོར་བ་མི་བཟད་གཏིང་ནས་ནི།། འགྲོ་བ་ཉོན་མོངས་དྲང་སླད་དུ།། ཁྱོད་ཀྱིས་གང་ཞིག་མ་སྩལ་བའི།། ཐབས་དང་སྤྱོད་པ་དེ་མ་མཆིས།། སྐུ་ཡི་ཆ་ལུགས་རྣམ་མང་དང་།། གསུང་གིས་སོ་སོའི་སྐད་བཞིན་དུ།། གདུལ་བྱའི་བསམ་པ་ཐ་དད་པ།། དེ་དང་དེར་ནི་ཁྱོད་ཀྱིས་མཛད།། དེ་དག་ཀུན་ཀྱང་དག་པ་དང་།། མི་འགལ་བ་དང་མཆོད་འོས་དང་།། བརྗིད་དང་ལྷ་མི་རྣམས་ལ་ནི།། སྨན་འདོགས་བཀུར་བ་ཤ་སྟག་ལགས།། སྨྲ་དང་བགྱིད་པ་ཕལ་ཆེར་ནི།། ལེགས་པར་རྡོ་ཐོགས་མ་ལགས་ཀྱི།། བདེན་པར་གསུང་བ་ཁྱོད་ལ་ནི།། དེ་གཉིས་གཞན་དུ་གདའ་བ་ལགས།། བདག་ཉིད་དག་པ་འབའ་ཞིག་གིས།། ཁྱོད་ཀྱིས་འགྲོ་བའི་དཔལ་ཞིང་མཛད།། འདི་ལྟར་རྣམ་པ་འདི་འདྲའི་ཞིང་།། འཇིག་རྟེན་གསུམ་ན་མཆིས་མ་ལགས།། ཐོག་མེད་སྲིད་པ་ཉམ་ང་བར།། སྔ་ནས་གཅིག་ཏུ་ཉམས་པ་ཡི།། སེམས་ཅན་ཀུན་ལ་སྨན་སླད་དུ།། ཁྱོད་ནི་དེ་ལྟར་བརྩོན་པ་ལགས།། མཁས་པ་ལ་བསྟོད་པ་ལེའུ་བཅུ་གཉིས་པའོ།། །། གང་གིས་ཁྱོད་དྲིན་ལན་ལོན་པའི།། སྒྲུབ་དེ་མཆིས་སྙམ་མི་བགྱིད་དེ།། [115b] སྐྱེ་བོ་གང་དག་མྱ་ངན་འདས།། དེ་དག་གིས་ཀྱང་ལན་མ་ལོན།། ཁྱོད་ཀྱི་ཆོས་ལ་གནས་དེ་དག་།། རང་དོན་ཁོ་ན་བགྱིད་པར་བས།། དེ་ཡི་སླད་དུ་འོ་བརྒྱལ་གང་།། དེ་ལ་ལན་གོ་ཅི་ཞིག་ལོན།། ཁྱོད་ནི་སེམས་ཅན་གཉིད་ལོག་པའི།། རྒྱུད་ལ་གཟིགས་པའི་ཞུགས་ཙེ་བ།། བག་མེད་གྱུར་པ་རྣམས་ཀྱི་ནི།། གྲོགས་བཟང་བག་དང་བཅས་པ་ལགས།། ཁྱོད་ཀྱིས་ཉོན་མོངས་གཞོམ་པ་བཤད།། བདུད་ཀྱི་གཡོ་དག་བསྟན་པ་མཛད།། འཁོར་བའི་རང་བཞིན་མི་བཟད་བརྗོད།། འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན།། ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི།། སེམས་ཅན་རྣམས་ལ་བགྱི་འཚལ་བ།། གང་ཞིག་ཁྱོད་ཀྱིས་མ་མཛད་པ།། གཞན་གོ་ཅི་ཞིག་མཆིས་ལགས་ཀྱེ།། གལ་ཏེ་ཆོས་ནི་འདི་དག་དང་།། སྤོ་བ་ཞིག་ཏུ་བཏུབ་ན་ནི།། གདོན་མི་འཚལ་བར་ཁྱོད་ཀྱིས་ནི།། ལྷ་སྦྱིན་ལ་བརྟེན་ཀུན་ལའང་སྩོལ།། དེ་སླད་འགྲོ་ལ་བརྡ་སྤྲོད་པ།། འགྲོ་བའི་མགོན་པོ་ཁྱོད་ཀྱིས་ནི།། འདི་ན་ཕན་ཚུན་བྱེད་པ་པོ།། མེད་པ་སྐད་དུ་ངེས་པར་གསུངས།། འཇིག་རྟེན་རྣམས་ལ་ཐུགས་བརྩེ་བས།། ཡུན་རིངས་ས་སྟེངས་དམ་ཆོས་བཤད།། འཇིག་རྟེན་གསུམ་ཕན་འདོགས་ནུས་པའི།། སློབ་མ་དམ་པའང་མང་དུ་བསྐྲུན།། མངོན་དུ་གདུལ་བྱའི་ཚོགས་ཀྱང་ནི།། མཛེས་བཟངས་ཡན་ཆད་བཏུལ་ལགས་པས།། ད་གོ་ཁྱོད་ལ་སེམས་ཅན་གྱི།། བུ་ལོན་ལྷག་མ་ཅི་མཆིས་ན།། འདི་ལྟར་རྡོ་རྗེའི་ཏིང་འཛིན་གྱིས།། སྐུ་གདུང་ཏིལ་འབྲུ་བཞིན་བླགས་ནས།། མཇུག་ཏུའང་ཁྱོད་ཀྱིས་ཤིན་ཏུ་ནི།། དཀའ་སྤྱད་ཡལ་བར་མ་དོར་རོ།། གཟུགས་ཀྱི་སྐུ་དང་ཆོས་འདི་དག་།། གཞན་དོན་ཁོ་ནར་མཛད་དོ་ཞེས།། འཇིག་རྟེན་ཡིད་ཆེས་དཀའ་འདི་ལ།། ཁྱོད་ཀྱིས་མྱ་ངན་འདས་པ་བསྟན།། དེ་སླད་ཆོས་སྐུ་མ་ལུས་པ།། སྲས་ཀྱི་མཆོག་ལ་གཏད་མཛད་དེ།། གཟུགས་སྐུ་ཏིལ་འབྲུ་ལྟར་བཤིག་ནས།། ཁྱོད་ནི་ཡོངས་སུ་མྱ་ངན་འདས།། ཨེ་མའོ་གནས་པ་ཨེ་མའོ་ཚུལ།། ཨེ་མའོ་ཡོན་ཏན་ཨེ་མའོ་སྐུ།། སངས་རྒྱས་ཀྱི་ནི་ཆོས་རྣམས་ལ།། ཡ་མཚན་མི་ཆེ་འགའ་མ་མཆིས།། ཕན་འདོགས་མཛད་ཅིང་བལྟ་ན་སྡུག་།། སྐུ་གསུང་ཕྲིན་ལས་ཞི་གྱུར་པ།། ཁྱོད་ལའང་སྡང་བར་རབ་བགྱིད་པའི།། [116a] རྨོངས་པ་མི་བཟད་པ་ལ་གཟིགས།། བསོད་ནམས་རྒྱ་མཚོ་རིན་ཆེན་གཏེར།། ཡོན་ཏན་འབྱུང་གནས་ཆོས་ཀྱི་ཚོགས།། ཁྱོད་ལ་སེམས་ཅན་གང་འདུད་པ།། དེ་དག་ལ་ཡང་ཕྱག་འཚལ་ལེགས།། མགོན་ཁྱོད་ཡོན་ཏན་མི་བས་ཀྱང་།། བདག་གི་ཞོ་ཤ་བས་འཚལ་བས།། དེས་ན་འཇིགས་པ་མཆིས་སླད་དུ།། གློ་བ་ལ་ནི་བཅགས་བཞིན་མཆིས།། ཁྱོད་ཀྱི་རང་གི་ངོ་བོ་ཉིད།། ཚད་མ་མཆིས་ལ་བསམ་མི་ཁྱབ།། བསྟན་མིན་གྲངས་ཀྱང་མ་མཆིས་པ།། ཁྱོད་བདག་ཉིད་ཀྱིས་མཁྱེན་ལགས་གྲང་།། མཚོ་ཆེན་ཆབ་ནི་བས་པར་མ་གྱུར་ཀྱང་།། སྐྱེ་བོའི་གདུང་བ་རབ་ཏུ་ཞི་བགྱིད་ལྟར།། ཁྱོད་ཀྱི་ཡོན་ཏན་ཆ་ཙམ་མ་བསྒྲགས་ཀྱང་།། བདག་ནི་མཆོག་ཏུ་གློ་པ་དགའ་ཞིང་མཆིས།། བདག་གིས་ཐུབ་ལ་དད་པས་སྤོབས་སྐྱེས་པའི།། དགེ་བའི་ལས་འདིའི་འབྲས་བུ་འཁྲུངས་པ་ཡིས།། ངན་རྟོག་རླུང་དམར་འཚུབས་པས་དཀྲུགས་པ་ཡི།། འགྲོ་བའི་སེམས་ནི་རྣལ་དུ་གནས་པར་ཤོག་།། བུ་ལོན་མེད་པར་བསྟོད་པ་སྟེ་ལེའུ་བཅུ་གསུམ་པའོ།། །། བརྒྱ་ལྔ་བཅུ་པའི་བསྟོད་པ་སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤྲཱི་ཤྲདྡྷཀ་ར་ཝ་རྨྨ་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།