T1

viśeṣa-stava
khyad par du 'phags pa'i bstod pa

Wylie
[1b] རྒྱ་གར་སྐད་དུ། བི་ཤིཥྚ་སྟ་བཿ། བོད་སྐད་དུ། ཁྱད་པར་དུ་འཕགས་པའི་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བདག་ནི་སྟོན་པ་གཞན་སྤངས་ནས།། བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ།། དེ་ཅིའི་སླད་དུ་ཞེ་ན་ཁྱོད།། སྐྱོན་མི་མངའ་ལ་ཡོན་ཏན་ལྡན།། གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ།། ཡོན་ཏན་འཛིན་པར་ཞེན་པས་ན།། སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས།། གཞན་ལ་སྐྱབས་སུ་མཆིས་པར་གྱུར།། ཁྱབ་འཇུག་དབང་ཕྱུག་ལ་སོགས་པ།། དེ་ལ་སྐྱེ་བོ་དགའ་དད་པས།། དེ་ཡི་ཡོན་ཏན་གང་བསྒྲགས་པ།། ཁྱོད་ཀྱི་བསྟན་ལ་དེ་དག་སྐྱོན།། ལྷ་ཆེན་ཁྲོས་པའི་མདའ་གཅིག་གིས།། གྲོང་ཁྱེར་སུམ་བརྩེགས་བསྲེགས་ཞེས་གདའ།། ཁྱོད་ཀྱི་ཡེ་ཤེས་མདའ་ཆེན་གྱིས།། ཁྲོ་བའི་སེམས་ཉིད་ངེས་པར་བསྲེགས།། ལྷ་ཆེན་གྱིས་ནི་འདོད་པ་དག་།། བསྲེགས་ཉེས་པས་ན་ཕྱིར་ཡང་དྲངས།། ཁྱོད་ཀྱི་ཡེ་ཤེས་ཞུགས་ཀྱིས་ནི།། འདོད་པ་རྩད་བཅད་བསྲེགས་ནས་བཏོན།། ལྷ་ཆེན་ཐིག་ལེའི་མཆོག་མ་ལ།། ཆགས་པ་སྐྱེས་པས་གདོང་བཞི་བྱུང་།། [2a] བདུད་ཀྱི་བུ་མོ་སྒེག་མོ་ཡིས།། ཁྱོད་ཀྱི་བ་སྤུའི་རྩེ་མ་གཡོས།། ལྷ་ཆེན་ཕྱེད་ནི་ཆུང་མ་བས།། ངུར་པ་ཡིས་ཀྱང་ཐུབ་མ་ལགས།། ཁྱོད་ནི་བདེ་བར་བགྱིད་པ་ཡི།། འདོད་པ་ཉིད་ཀྱིས་རྨོངས་མ་གྱུར།། འཁོར་ལོ་མདུང་ཐུང་ཅན་དག་གིས།། བདུད་སྟོབས་དེ་ལས་རྒྱལ་མི་ནུས།། ཁྱོད་ནི་འཁོར་ལོ་མདུང་མེད་པར།། བྱམས་པའི་མཚོན་གང་ལགས་པས་རྒྱལ།། རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན།། ལྷ་ཆེན་མགྲིན་པ་སྔོ་གྱུར་པས།། ལྷ་འདི་གཉིས་ལ་གནོད་བགྱིད་མཆིས།། མགོན་ཁྱོད་གནོད་བགྱིད་བྲལ་བ་ལགས།། ཁྱབ་འཇུག་མི་ཐུང་གཟུགས་བསྒྱུར་ནས།། གཡོ་ཐབས་ཀྱིས་ནི་སྟོབས་ལྡན་བསླུས།། ཁྱོད་ནི་གཡོ་ཡང་མཁྱེན་གྱུར་ལ།། གཞན་དག་ལ་ཡང་སླུ་མི་མཛད།། མགོན་ཁྱོད་རྫུ་འཕྲུལ་ཙམ་བླང་གི།། རྨད་བྱུང་གང་གིས་མཐོང་བ་དེས།། ཁྱབ་འཇུག་འཇིག་རྟེན་གསུམ་བརྒལ་བ།། འཕྱེ་བོ་མཆི་བ་བཞིན་དུ་མཐོང་།། གཞོན་ནུ་ཚངས་པར་སྤྱོད་པ་ན།། དྲུག་ལྡན་མ་དང་ལྷན་ཅིག་སྤྱོད།། ཁྱོད་ཀྱིས་འཁྲིག་པའི་སྦྱོར་བ་བདུན།། ཐལ་བ་བཞིན་དུ་བགྱིས་པར་གྱུར།། ཚངས་སོགས་འཇིག་རྟེན་འབྱིན་པ་པོ།། བདག་གཅིག་ཡིན་པར་སྨྲ་ཞེས་གྲག་།། དེ་ཉིད་གཟིགས་ཁྱོད་འཇིག་རྟེན་དང་།། དེ་ཡང་ལས་ལས་སྐྱེས་ཞེས་བསྟན།། [2b] བརྒྱ་བྱིན་གྱིས་ནི་བཤོལ་མེད་མ།། མཐོང་ནས་འདོད་པས་རྨོངས་ཞེས་གྲག་།། དཔའ་ཁྱོད་འདོད་པ་ཉིད་ཀྱིས་ནི།། མ་རྨོངས་སླད་དུ་བཙུན་མོ་བཏང་།། སྒྲ་གཅན་ལག་པས་ཟླ་བ་ཡང་།། དབང་མེད་པར་ནི་མིད་པ་ལགས།། མངའ་བརྙེས་ཁྱོད་ལ་སེམས་ཅན་གང་།། དབང་མེད་བགྱིད་པ་དེ་མ་མཆིས།། མི་དབང་དགའ་བྱེད་གོས་སྲེད་སོགས།། ནགས་ཚལ་ནས་ནི་ཕྱིར་ཡང་མཆིས།། བདེ་བར་གཤེགས་ཁྱོད་དབེན་པ་ཡི།། བདུད་རྩིས་ངོམས་ལས་ཕྱིར་མི་བྱོན།། མཆོད་སྦྱིན་ལ་ནི་ཕྱུགས་འགུམས་པར།། དྲང་སྲོང་རྣམས་ནི་སྨྲ་ཞེས་གྲག་།། སྡིག་མེད་ཁྱོད་ཀྱིས་གྲོག་མ་ལའང་།། གནོད་པ་བགྱིད་པར་རྗེས་མ་གནང་།། གཞན་དག་རང་དོན་མཆོད་སྦྱིན་ལ།། གཞན་གྱི་སྲོག་གི་སྦྱིན་སྲེག་བྱེད།། གཞན་གྱི་དོན་དུ་ཁྱོད་གཅིག་པུ།། རང་གི་སྲོག་གིས་སྦྱིན་སྲེག་མཛད།། དྲང་སྲོང་དམོད་མེ་མི་བཟད་པས།། སྐྱེ་བོ་མང་པོ་བསྲེགས་པར་འགྱུར།། ཁྱོད་ཀྱིས་ཡེ་ཤེས་མེ་ཡིས་ནི།། སྐྱེ་བོ་རྣམས་ཀྱི་སྐྱེ་རྒྱུ་བསྲེགས།། རྒྱས་པ་དྲན་པའི་མཐུ་ཆུང་བས།། མང་པོ་བགྱིས་པའི་ཚིག་དག་ནི།། ལྟག་འོག་འགལ་བར་གྱུར་ཅེས་ཐོས།། ཐུབ་པ་ཁྱོད་ཀྱི་ཀུན་ཀྱང་མིན།། དྲང་སྲོང་དམོད་པ་གྲུབ་པ་ལས།། དཀའ་ཐུབ་གྲུབ་པར་རྗེས་སུ་དཔག་།། མགོན་ཁྱོད་ཐུགས་རྗེ་གྲུབ་པ་ལས།། དཀའ་ཐུབ་གྲུབ་པར་རྗེས་སུ་དཔག་།། ལྷ་ཆེན་འདོད་པ་ཅན་གྱི་མཚན།། དྲང་སྲོང་རྣམས་ཀྱི་དམོད་པས་ལྷུང་།། ཁྱོད་ཀྱིས་ཕུང་ཁྲོལ་མཐའ་དག་གི།། རྩ་བ་འདོད་པ་ཉིད་ལྷུང་བགྱིས།། གླིང་ལས་སྐྱེས་སོགས་ཕལ་ཆེར་ནི།། གཞན་གྱིས་གང་སྨྲས་སྨྲ་བར་བགྱིད།། ཁྱོད་ཀྱིས་ཐུན་མོང་མ་ཡིན་ཆོས།། རང་གིས་ཐུགས་སུ་ཆུད་ནས་བསྟན།། མུ་སྟེགས་ཅན་གྱི་རིག་བྱེད་ཚིག་།། དབེན་པ་ཁོ་ནར་སྨྲ་བར་བགྱིད།། ཁྱོད་ཀྱིས་བསྒྲགས་ནས་སེང་གེ་ཡི།། སྒྲ་ཡིས་ཆོས་དག་སྟོན་པར་མཛད།། གྲངས་ཅན་བྷ་ར་དྭ་ཛ་ནི།། དེ་ཉིད་མཐོང་ཡང་དཔྱིད་ལྡན་ལ།། ཡོངས་སུ་ཆགས་ཀྱི་གཙོ་ཁྱོད་ཀྱི།། སློབ་མའང་བུད་མེད་ཉིད་མ་ཆགས།། འུག་པ་པས་ནི་དམན་པ་ལས།། ཁྱད་པར་ཅན་ལ་སྦྱིན་ཞེས་བསྟན།། མགོན་པོ་ཁྱོད་ནི་ཐུགས་རྗེ་ཡིས།། ཁྱི་ལའང་སྦྱིན་པར་བྱ་ཞེས་གསུངས།། ལུས་ཀྱི་དཀའ་ཐུབ་བགྱིས་པ་ཡིས།། མདུད་པ་འཇིག་པར་གཅེར་བུས་འཚལ།། ཁྱོད་ནི་ཐུགས་ཀྱི་དཀའ་ཐུབ་ཀྱིས།། [3a] མདུད་པ་འཇིག་པར་བཞེད་པ་ལགས།། རྟོག་གེ་པ་དག་དངོས་པོ་རྣམས།། ལྟོས་པ་མེད་པར་གྲུབ་པར་འཚལ།། ཚིག་དབང་ཁྱོད་ཀྱིས་ཅུང་ཟད་ཀྱང་།། མི་ལྟོས་མེད་ཅེས་ལེགས་པར་གསུངས།། ནེ་ཙོས་ཉི་མ་བརྟོལ་ནས་ནི།། ཐར་པ་མཆིས་པར་བཤད་ཅེས་གྲག་།། ཁྱོད་ནི་མྱ་ངན་འདས་བརྙེས་ལ།། གང་དུ་ཡང་ནི་གཤེགས་མ་མཆིས།། ཐར་པ་རྒྱུད་གཞན་སྐྱེད་པ་དང་།། ནེ་ཙོས་ལམ་གཞན་སོང་བར་གྱུར།། ཁྱོད་ཉིད་ལམ་གང་ནས་གཤེགས་པ།། དེ་ཉིད་ནས་ནི་སློབ་མའང་མཆི།། ཁྱབ་འཇུག་དག་གིས་བུད་མེད་ནི།། སྟོང་ཕྲག་དྲུག་ཅུ་ཡོངས་བཟུང་གྱུར།། སྟོན་པ་འཇིག་རྟེན་འདས་ཁྱོད་ལ།། བདག་གི་མེད་ཅིང་ཡོངས་འཛིན་མེད།། ཀ་ཤི་མཛེས་དགའ་མོ་ལ་ནི།། རྒྱས་པ་ཡོངས་ཆགས་རྣམ་པར་འགྱུར།། ཁྱོད་ཁབ་བཞུགས་ནའང་ཕུང་ཁྲོལ་བའི།། གདོན་གྱིས་དབང་པོ་རྨོངས་མ་གྱུར།། རྒྱས་པ་འདོད་གདུངས་གཡེན་སྤྱོ་བས།། བུད་མེད་ཀྱི་ནི་རྡོག་པས་བསྣུན།། ཁྱོད་ནི་ཁྱིམ་པར་བཞུགས་ན་ཡང་།། ཕྱིར་ཞིང་འཁྲུག་པར་འགྱུར་བ་མེད།། དགའ་བྱེད་ཆུང་མའི་དོན་གྱི་ཕྱིར།། རྒྱ་མཚོའི་ཕ་རོལ་སོན་ཅེས་གྲག་།། ཁྱོད་ཀྱིས་བུད་མེད་སྟོང་ཕྲག་ནི།། བརྒྱད་ཅུ་སྤངས་ནས་ནགས་སུ་གཤེགས།། རྣ་ཅན་འཐབ་དཀའ་ལ་སོགས་ལ།། ཁྱབ་འཇུག་གིས་ནི་གནོད་པ་བརྩམས།། སེམས་ཅན་རྣམས་ལ་ཕན་བཞེད་པ།། ཁྱོད་ཀྱིས་སྲོག་ཀྱང་བཏང་བ་མཛད།། ཁྱབ་འཇུག་གིས་ནི་སྒྱུ་བྱས་ནས།། གོམ་གསུམ་གྱིས་ཕྲོགས་གང་ཡིན་པའི།། ས་དེ་ངེས་པར་ཐར་བཞེད་པ།། ཁྱོད་ཀྱིས་རྩ་བཞིན་བཏང་བར་གྱུར།། དགའ་བྱེད་སྲོག་གཅོད་བྱེད་པའི་མདས།། འཇིག་རྟེན་རྒྱལ་རིགས་མེད་བྱས་ནས།། གྲགས་པ་ཐོབ་པ་གང་ཡིན་དེ།། ཁྱོད་ཀྱི་བསྟན་ལ་གྲགས་པ་མིན།། སྒྲ་ངན་དང་ནི་སྐྱ་བསེང་དག་།། གང་གི་ཕྱིར་ནི་གཡུལ་བཀྱེ་བའི།། དཔལ་དེ་ཁྱོད་ཀྱིས་འཁྲི་ཤིང་ནི།། གདུག་པ་བཞིན་དུ་སྤངས་ནས་གཤེགས།། ཁྱོད་ཀྱི་བསྟན་པ་རྙེད་པ་ན།། ཐང་ཤིང་ནགས་ན་ལྷ་ཆེན་པོ།། རྣལ་འབྱོར་དབང་ཕྱུག་སྤྱོད་པ་པོ།། དེ་ནི་མི་ཤེས་སྤྱོད་པར་བས།། དབང་པོ་གཤོལ་མེད་བྱི་བོ་ཞེས།། བྲམ་ཟེ་ད་དུང་བར་དུ་སྒྲོགས།། ཁྱོད་ཀྱིས་འབྲས་བུ་མཆོག་བརྙེས་པའི།། གྲགས་པ་བརྒྱ་བྱིན་སྒྲོགས་པར་གྱུར།། [3b] ཁྱབ་འཇུག་དག་ནི་ནག་བཀྲ་བོས།། བྲེད་འཐོམས་གྱུར་ནས་ཀུན་གཏོང་གི།། ཁྲི་ཡི་འོག་ཏུ་ཞུགས་པར་གྱུར།། གཙོ་ཁྱོད་ཀུན་དུ་བསྙེངས་མི་མངའ།། སྐྱེ་དགུའི་བདག་པོ་རང་ཉིད་ཀྱི།། བུ་མོ་དང་ནི་འཁྲིག་ཅེས་ཐོས།། ཐུབ་པ་ཁྱོད་ཀྱི་སློབ་མ་ཡང་།། ཚངས་པར་སྤྱོད་པ་སྐྱོན་མ་མཆིས།། བྲམ་ཟེ་རྣམས་ནི་དགེ་སྡིག་དག་།། སྦྱིན་པ་ལེན་ཅིང་འཕོ་བར་སྨྲ།། ཁྱོད་ཀྱིས་བྱས་པ་ཆུད་མི་ཟ།། མ་བྱས་པ་དང་ཕྲད་མེད་གསུངས།། སེར་སྐྱས་བདག་གི་མཚན་ཉིད་ནི།། ཤེས་དང་ལྡན་པ་རབ་ཏུ་བརྟགས།། ཁྱོད་ཀྱིས་དེ་ལྟར་ཡིན་ན་བདག་།། མི་རྟག་ཉིད་དང་ལྡན་ཞེས་བསྟན།། གཟེགས་ཟན་གྱིས་ནི་ཤེས་ལས་བདག་།། གཞན་དང་ཁྱད་པར་ཡོངས་སུ་བརྗོད།། ཁྱོད་ཀྱིས་དེ་ནི་ཤེས་མེད་ན།། ཤིང་དང་འདྲ་བར་ཐལ་འགྱུར་གསུངས།། གཅེར་བུས་ལུས་ཀྱི་ཚད་བཞིན་དུ།། སྲོག་ནི་ཞུམ་དང་རྒྱས་པར་སྨྲ།། ཁྱོད་ཀྱིས་དེ་ནི་ཕྱོགས་གཅིག་ན།། རྣམ་པར་འཇིག་པར་འགྱུར་ཞེས་གསུངས།། བྲམ་ཟེས་འགྲོ་བ་རྣམས་ཀྱི་རྒྱུ།། སྐྱེས་བུ་རྟག་པ་ཡིན་ཞེས་བསྟན།། ཁྱོད་ཀྱིས་རྟག་པ་ཞེས་བྱ་བའི།། རྒྱུ་ནི་ཅི་ཡང་མེད་ཅེས་གསུངས།། བདག་ཉིད་ཆེན་པོ་དུག་ཅན་པའི།། སྲས་པོ་སྟོང་ཕྲག་དྲུག་ཅུ་དག་།། སེར་སྐྱས་བལྟས་པ་ཙམ་གྱིས་བསྲེགས།། དེ་ལའང་ཁྱོད་ནི་ཐུགས་རྗེ་མཛད།། སེར་སྐྱ་དེ་ཉིད་རིག་པས་ནི།། གཙོ་ལས་འགྲོ་བ་སྐྱེ་བར་བཤད།། ཁྱོད་ཀྱི་འགྲོ་བའི་སྐྱེ་བ་ནི།། ཉོན་མོངས་ལས་ལས་བྱུང་བར་བསྒྲགས།། སེར་སྐྱ་ལ་སོགས་ཐར་པ་ཡི།། བདག་ནི་སྲིད་པའི་རྒྱུ་ཞེས་ཟེར།། ཁྱོད་ནི་ཞི་བར་གཤེགས་གྱུར་ནས།། ཞུགས་གུམ་ལྟ་བུར་བགྲང་དུ་མེད།། མུ་སྟེགས་བྱེད་པ་ཁ་ཅིག་ནི།། ཐར་པ་འགྲོ་དང་ལྡན་ཞེས་སྨྲ།། གང་ལ་འགྲོ་ཡོད་དེ་འཁོར་བ།། ཁྱོད་ཀྱིས་ཐུགས་སུ་ཆུད་ནས་བསྟན།། གཅེར་བུས་ཀུན་དགའ་ར་བ་སོགས།། རྩིག་པ་སྡིག་པའི་རྒྱུ་ཞེས་ཟེར།། ཐམས་ཅད་མཁྱེན་པ་ཁྱོད་ཉིད་ནི།། དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས།། ལུས་ལས་ལུས་གཞན་དག་ཏུ་ནི།། ཕྲ་བའི་སྲོག་ནི་འཕོ་ཞེས་གྲག་།། ཁྱོད་ཀྱི་ལུས་ལས་གཞན་གྱུར་པའི།། སྲོག་ནི་ཡོད་པ་མིན་ཞེས་གསུངས།། ཁྲོས་པས་གཡུལ་ངོར་བསད་ན་ནི།། བདེ་འགྲོར་འགྱུར་ཞེས་རྒྱས་པ་ཟེར།། [4a] མགོན་པོ་ཁྱོད་ཀྱིས་གནས་སྐབས་དེའི།། སེམས་ནི་ངན་འགྲོ་ཡིན་ཞེས་གསུངས།། སྐྱ་བསེང་བུ་ནི་བརྗོད་བྱས་ན།། བསོད་ནམས་འགྱུར་ཞེས་སོ་སོར་སྨྲ།། གང་ཞིག་བགྲོད་མིན་བགྲོད་བྱེད་པ།། དེ་དག་ཁྱོད་ཀྱི་བསྟན་ལ་སྨད།། སྐེམ་བྱེད་དབང་པོ་ཉེ་དབང་པོ།། དྲག་པོ་ལ་སོགས་འཇིགས་པ་དང་།། བསྡིགས་ཕྱིར་མཚོན་ཆ་རྟག་ཏུ་ཐོགས།། ཁྱོད་བསྙེངས་བྲལ་ཞིང་བསྡིགས་མི་མཛད།། ཁྱོད་ནི་སུས་ཀྱང་མི་བསྙེངས་ལ།། སུ་ལའང་བསྡིགས་པར་མི་མཛད་པས།། ཁྱོད་ཉིད་གཅིག་པུ་མཚོན་མི་བསྣམས།། དེས་ན་འགྲོ་བ་རྣམས་ལས་འཕགས།། སྨྲ་པོ་ཉོན་མོངས་བཅས་པའི་ཚིག་།། རིག་བྱེད་ལ་སོགས་ཚིག་དག་ནི།། ཕལ་ཆེར་ལྟག་འོག་འགལ་བ་ལགས།། ཁྱོད་ཀྱི་ཐམས་ཅད་མཁྱེན་པའི་གསུང་།། གཞན་གྱི་བསྟན་བཅོས་གཞན་དག་ནི།། ཕལ་ཆེར་སྔ་ཕྱི་འགལ་བ་ལས།། ཁྱོད་ཉིད་ཀྱི་ནི་གཞུང་ལུགས་དག་།། ཐོག་མ་བར་མཐར་སྐྱོན་མ་མཆིས།། ཆོས་འདོད་པ་དག་དམངས་རིགས་ལ།། བློ་གྲོས་སྦྱིན་པར་བྱ་མིན་ཟེར།། ཁྱོད་ནི་གདོལ་པ་རྣམས་ལ་ཡང་།། ཐུགས་རྗེས་དམ་ཆོས་སྟོན་པར་མཛད།། ལྗོན་ཤིང་བཟང་པོ་རྣམས་སྤངས་ནས།། ངན་པ་ལ་ནི་སུ་ཞིག་བརྟེན།། འདོད་ཆགས་བྲལ་བརྙེས་ཁྱོད་བཞུགས་ན།། མཁས་པ་སུ་ཞིག་སྟོན་གཞན་འདུད།། སེར་སྐྱས་ཡུལ་རྣམས་ལ་སྤྱད་བཞིན།། ཡེ་ཤེས་འགྱུར་མཆི་སྡིག་བྲལ་བ།། ཁྱོད་ཀྱིས་ཀུན་ནས་ཉོན་མོངས་ལ།། ཐར་པ་ག་ལ་ཡོད་ཅེས་གསུངས།། བསོད་ནམས་བྱས་པའི་ཚོགས་དག་ནི།། སེམས་ཅན་རྣམས་ལ་ཡོངས་བསྔོ་བར།། བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ།། དེ་གཞན་བསྟན་བཅོས་ལས་མ་བཤད།། ལྷ་རྟེན་དང་ནི་མཆོད་སྦྱིན་ལ།། སེམས་ཅན་གསོད་པར་བྱེད་པ་གང་།། འཇིག་རྟེན་པ་ནི་ཆོས་སུ་འཚལ།། ཁྱོད་ཀྱི་བསྟན་ལ་དེ་དག་སྨད།། གང་ཞིག་སྲོག་ཆགས་ལ་རྟག་གནོད།། དེ་ལ་ཆོས་ཉིད་ག་ལ་ཡོད།། གཙོ་བོ་ཁྱོད་ཀྱིས་རང་ཉིད་ཀྱི།། སྲོག་གིས་སེམས་ཅན་ལེགས་པར་བསྲུངས།། ཤཱཀྱའི་རྒྱལ་རིགས་འཁྲུངས་ཁྱོད་ཀྱིས།། གང་ཞིག་བདེན་དང་མི་སླུ་དང་།། ཚངས་པར་སྤྱོད་དང་དུལ་བ་དང་།། བརྩེར་ལྡན་དམ་ཆོས་ལགས་པར་དགོངས།། [4b] རིག་བྱེད་མཐའ་ལ་འབྱམས་པས་ཀྱང་།། གཡུལ་ངོར་དགྲ་མངོན་འོངས་བསད་ཅེས།། འཇིག་རྟེན་སྨྲ་ཡི་ཁྱོད་ཀྱིས་ནི།། དགྲ་ལའང་སྙིང་རྗེ་བྱ་ཞེས་གསུངས།། གཞོན་ནུས་རང་གི་ཞང་པོ་ལ།། མདུང་གིས་བསྣུན་ཞེས་བཀའ་མཆིད་གདའ།། དཔའ་བོ་ཁྱོད་ཀྱིས་ཉོན་མོངས་པའི།། དྲ་བ་ཤེས་རབ་མཚོན་གྱིས་དྲལ།། ཁྱབ་འཇུག་གིས་ནི་རང་ཉིད་ཀྱི།། སླས་ཀྱང་ཡོངས་སུ་བསྐྱབ་མ་ནུས།། གཙོ་བོ་ཁྱོད་ཀྱིས་སེམས་ཅན་ཀུན།། བསྐྱབ་པའི་སླད་དུ་བརྩོན་པ་ལགས།། རྒན་པོས་སྦྱར་བའི་འཇིགས་ཤེས་ནས།། ཁྱབ་འཇུག་གིས་ནི་བཅོམ་བརླག་བཏང་།། ཐུབ་པ་ཁྱོད་ལ་བསྙིངས་བགྱིད་གང་།། སེམས་ཅན་དེ་ནི་འགའ་མ་མཆིས།། ཁྱབ་འཇུག་གིས་ནི་གཉེན་འདུན་དག་།། ལེ་ལན་གྱིས་ནི་གཏུགས་པར་གྱུར།། ཁྱོད་ཀྱི་གཉེན་འདུན་ཐམས་ཅད་ནི།། འཁོར་བ་ལས་ནི་རྣམ་པར་སྒྲོལ།། མུ་སྟེགས་ཅན་གྱི་གཞུང་ལུགས་ལ།། ཇི་ལྟར་ཇི་ལྟར་རྣམ་བསམས་པ།། དེ་ལྟ་དེ་ལྟར་མགོན་ཁྱོད་ལ།། བདག་གི་སེམས་ནི་དད་པར་གྱུར།། དེ་ལྟར་ཐམས་ཅད་མཁྱེན་མིན་པའི།། གྲུབ་མཐའི་སྐྱོན་གྱི་བརླག་སེམས་ལྡན།། བསམ་བརླག་རྣམས་ཀྱིས་སྐྱོན་མེད་པའི།། སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་།། འཇིག་རྟེན་ལྷ་དང་བྲམ་ཟེ་དང་།། རིག་བྱེད་ཤཱཀྱ་འདི་དག་ཅེས།། སྡང་བར་སྨྲ་བ་རང་སྐྱོན་ཉིད།། ཅི་ཕྱིར་སེམས་པར་བྱེད་ཅེ་ན།། གང་སླད་ཁྱོད་ཀྱི་བསྟན་པ་ནི།། བདེ་བས་བདེ་ཉིད་ཐོབ་བགྱིད་པ།། དེ་སླད་སྨྲ་བའི་སེང་ཁྱོད་ཀྱི།། གཞུང་ལུགས་ལ་ནི་འགྲོ་འདི་དགའ།། ཁྱོད་ཀྱི་ཡོན་ཏན་ཡང་དག་པ།། རྣམ་པ་འདི་ལྟར་རབ་བརྗོད་པས།། བདག་གིས་བསོད་ནམས་གང་ཐོབ་དེས།། འགྲོ་བའི་འཇིག་རྟེན་ཁྱོད་འདྲར་ཤོག་།། མགོན་པོ་ཁྱད་པར་འཕགས་བསྟོད་པ།། བཏོན་པས་བདག་གིས་དགེ་བསགས་པ།། གང་ཡིན་དེས་ནི་འགྲོ་བ་ཀུན།། བྱང་ཆུབ་ལམ་ལ་གཞོལ་གྱུར་ཅིག་།། ཁྱད་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་རིན་ཆེན་མཆོག་གིས་བསྒྱུར། སླད་ཀྱིས་བན་དེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།