| | e-texts navigator
|
255b1 ཐམས་ཅད་སྤང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡང་དག་པར་རྩོལ་བའོ།། བག་ཡོད་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་སྐྱེ་བ་ཐམས་ཅད་མི་འདོད་པས་བྱང་ཆུབ་ཏུ
255b2 ཡོངས་སུ་སྔོ་བའོ།། དེ་ལ་བརྩོན་འགྲུས་ནི་གང་ལུས་དང་སེམས་ལ་མི་ལྟ་བས་བཟོད་ཅིང་ངེས་པའོ།། བག་ཡོད་པ་ནི་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀུན་ཏུ་སྲུང་བའོ།། དེ་ལ་བརྩོན
255b3 འགྲུས་ནི་གང་དགེ་བའི་ཆོས་སོགས་པས་མི་སྐྱེ་བའོ།། བག་ཡོད་པ་ནི་གང་དགེ་བའི་ཆོས་བསགས་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བའོ།། དེ་ལ་བརྩོན་འགྲུས་ནི་གང་བསམ་གཏན་གྱི
255b4 ཡན་ལག་ཡོངས་སུ་རྫོགས་པས་མི་སྐྱོ་བའོ།། བག་ཡོད་པ་ནི་གང་བསམ་གཏན་གྱི་རོ་མྱོང་བར་བྱེད་པ་ལས་ལོག་པའི་ཤེས་པའོ།། དེ་ལ་བརྩོན་འགྲུས་ནི་གང་མང་དུ་ཐོས་པ་ཚོལ་བས་ཆོག་མི་ཤེས་པའོ།། བག
255b5 ཡོད་པ་ནི་གང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ཞུགས་པའི་འཕགས་པའི་ཤེས་རབ་དང་ཡེ་ཤེས་སོ།། དེ་ལ་བརྩོན་འགྲུས་ནི་གང་བསྡུ་བའི་དངོས་པོ་རྣམས་མི་འདོར་བའོ།། བག་ཡོད་པ་ནི་གང་སེམས་ཅན་ཡོངས་སུ
255b6 སྨིན་པར་བྱ་བའི་ཐབས་སོ།། དེ་ལ་བརྩོན་འགྲུས་ནི་གང་ལུས་དང་སེམས་སྡོམ་པའོ།། བག་ཡོད་པ་ནི་ལུས་དང་སེམས་དབེན་པའོ།། དེ་ལ་བརྩོན་འགྲུས་ནི་གང་སེམས་ཅན་ལ་དམིགས་པའི་བྱམས་པས་སེམས
255b7 ཅན་ཐམས་ཅད་སེམས་མཉམ་པའོ།། བག་ཡོད་པ་ནི་གང་ཆོས་ལ་དམིགས་པའི་བྱམས་པས་ཆོས་ཐམས་ཅད་ནི་དམིགས་པའོ།། དེ་ལ་བརྩོན་འགྲུས་ནི་གང་སེམས་ཅན་གཞན་དང་གང་ཟག་གཞན་དག་བྱ་ཆུབ།
iiif viewer powered by OpenSeadragon
255a - 256a