e-texts navigator
Collection
Volume
Page
Wylie

247b1 སེང་གེའི་ཁྲི་ལ་ཉེ་བར་བཞུགས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ལུས་ཐམས་ཅད་ཀུན་ནས་འབར་བའི་དོ་ཤལ་ཅན་བྱའོ།། སྟེང་དུ་རིའི་རྩེ་མོར་གློག་དང་སྤྲིན་དང་བཅས་པའོ།། འོག་ཏུ
247b2 པདྨའི་མཚོ་བྱའོ། ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་འོད་ཟེར་ལས་བྱུང་བཞིན་པ་བྱའོ།། སྒྲུབ་པ་པོའང་གནས་དང་། ཆ་བྱད་དང་། དབྱིབས་ཀྱི་རྣམ་པ་ཇི་ལྟ་བ་བཞིན་དང་། ལག་ན་སྤོས་པོར་ཐོགས་པ
247b3 བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པ། རས་རིས་རྣམ་པ་དེ་ལྟ་བུར་བྲིས་ལ། སྒྲུབ་པ་པོའང་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་གཙང་མ་བགོས་ཏེ། སྐྱེ་བོ་དང་བྲལ་བའི་དབེན་པར་རྒྱུན་ཆེན་པོར་རས་རིས
247b4 བཞུགས་སུ་གསོལ་ལ། རྣམ་པ་ཐམས་ཅད་དུ་ལུས་དང་། ངག་དང་། སེམས་ཡོངས་སུ་སྐྱོ་བ་མེད་པར་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། ཟླ་བ་ཉ་ལ་ཉིན་མཚན་དུ་སྦྱང་བར་གནས
247b5 ཏེ་སྒྲུབ་པ་རྩམ་པར་བྱའོ། ། ལོ་མ་དང་། ནས་ཟན་དང་། འོ་མ་དང་། སློང་མོའི་བསོད་སྙོམས་ཀྱི་བཟའ་བ་དང་། ཆུ་དང་། ཕྱེའི་བཟའ་བ་འམ། འོ་མ་དང་ནས་ཟན་བཟའ་བར་བྱའོ།། ཨ་ཀ་རུའི་བདུག་པ་བསྲེགས
247b6 ཏེ་འབུམ་ཕྲག་བཅུར་བཟླས་པ་བྱའོ། ། སྔོན་དུ་བསྙེན་པ་བྱས་པ་དང་། སྔོན་སྤྱད་པ་བྱས་པར་འགྱུར་རོ།། དེ་ནས་མིག་སྨན་སྒྲུབ་པར་འདོད་ན་དཔའ་བོའི་རིན་གྱིས་ཉོས་པའི་དཔའ་བོ་བཟང་པོ་ལས་བྱུང་བའི་མིག་སྨན
247b7 སྲང་གཅིག་བླངས་ནས། བྲམ་ཟེའི་བུ་མོས་པ་བྱུང་ལྔ་ཁ་བྱང་དུ་བལྟས་པས་འཐག་ཏུ་གཞུག་པར་བྱའོ།། མིང་མེད་ཀྱི་སོར་མོས་རིལ་བུ་བཞི་བྱས་ལ་པདྨའི་འདབ་མས་བཀབ་ལ་སྐམ་དུ་གཞུག་པར་བྱའོ།།




iiif viewer powered by OpenSeadragon

247a - 248a

Texts on this page

S683 - ral pa gyen brdzes kyi rtog pa chen po