e-texts navigator
Collection
Volume
Page
Wylie

306a1 ཐམས་ཅད་རྫུས་ཏེ་སྐྱེས་པ་ལྟ་བུ་དང་། དཔེར་ན་དགེ་སློང་མ་དགོན་པ་མ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་བཞིན་དུ་དགོན་པ་ནས་བྱུང་བ་ལྟ་བུའོ།། དེ་ལ་སོགས་པ་གཞན་དག
306a2 ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན་མི་རྣམས་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཡོད་དོ།། ཅིའི་ཕྱིར་སེམས་ཅན་དམྱལ་བ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། ཡིད་དུ་འོང་བ་མེད་ཅིང་བདེ་བ་དང་། ཡིད་བདེ་བ་དང་།
306a3 བྲལ་བའི་ཕྱིར་ཏེ། རྒྱུ་དེས་ན་སེམས་ཅན་དམྱལ་བ་རྣམས་ཞེས་བྱའོ།། ཅིའི་ཕྱིར་དུད་འགྲོ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། དུད་དེ་འགྲོ་ཞིང་དུད་དེ་འོང་བས་ན། དེའི་ཕྱིར་དུད་འགྲོ་རྣམས་ཞེས་བྱའོ།།
306a4 ཅིའི་ཕྱིར་ཡི་དགས་རྣམས་ཞེས་བྱ་ཞེ་ན། སྨྲས་པ། ད་ལྟར་ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེ་ཇི་ལྟ་བ་བཞིན་དུ། དེའི་ཚེ་དེའི་དུས་ན་ཡི་དགས་རྣམས་ཀྱི་རྒྱལ་པོ་ཕ་ཞེས་བྱ་བར་གྱུར་ཏེ། ཕའི
306a5 ཡུལ་དུ་འགྲོའོ། ། ཕའི་ཡུལ་ནས་འོང་ངོ་ཞེས་ཟེར་ནས། མིང་ཡི་དགས་ཡི་དགས་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་ཡི་དགས་རྣམས་ཞེས་བྱའོ།། ཅིའི་ཕྱིར་མི་རྣམས་ཞེས་བྱ་ཞེ་ན། སྨྲས་པ།
306a6 རྒྱལ་པོ་ང་ལས་ནུ་དེས་བསྟན་པའི་མི་རྣམས་ནི་ལས་ཆེན་པོའི་མཆོག་བློས་སྐྱེས་པ་དང་། བསམས་ཏེ་འཇལ་ཞིང་ཉེ་བར་བརྟགས་ནས། བྱེད་པ་དང་བརྟགས་ཤིང་གཞལ་ཏེ། ཉེ་བར་རྟོགས་པར་བྱེད་པས
306a7 མིང་མི་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་མི་རྣམས་ཞེས་བྱའོ།། ཅིའི་ཕྱིར་ལྷ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། འབར་བའི་ཕྱིར་ན་ལྷ་རྣམས་ཞེས་བྱའོ།། གཞན་ཡང་འགྲོ་བ་རྣམས་དང་། སྐྱེ




iiif viewer powered by OpenSeadragon

305b - 306b

Texts on this page

S316 - rgyu gdags pa