e-texts navigator
Collection
Volume
Page
Wylie

301a1 ཀྱིས་གཡོགས་པ་རྣམས་དང་། མངལ་གྱི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག
301a2 གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། མ་ཧེ་དང་། རི་དགས་དང་། ཕག་ལ་སོགས་པ་དང་། ཀླུ་ཁ་ཅིག་དང་། ནམ་མཁའ་ལྡིང་ཁ་ཅིག
301a3 དང་། ཡི་དགས་ཁ་ཅིག་དང་། མི་ཁ་ཅིག་དང་། གཞན་ཡང་སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་དང་། མངལ་ན་འདུག་པ་རྣམས་དང་། མངལ་གྱི་སྦུབས་ཀྱིས་གཡོགས་པ་རྣམས་དང་།
301a4 མངལ་གྱི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་མངལ་ནས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ།། དྲོད་གཤེར་ལས
301a5 སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཕན་ཚུན་གྱི་དྲོད་དང་། ཕན་ཚུན་གྱི་མེ་དང་། ཕན་ཚུན་གྱི་རྡུལ་དང་། ཕན་ཚུན་གྱི་གནོད་པ་དང་། ཕན་ཚུན་བཙི་བས་ཉལ་ཉིལ་གྱི་དུང
301a6 པོ་ལ་བརྟེན་ཏམ། སྟོར་ཁུང་ཕྱི་སའི་གནས་སམ། ཤ་རུལ་ལམ། ཉ་རུལ་ལམ། ཟན་དྲོན་རུལ་བ་འམ། རྩཝ་སྟུག་པོ་འམ། ནགས་ཚལ་སྟུག་པོ་འམ། རྩཝའི་སྤྱིལ་པོ་འམ། ལོ་མའི་སྤྱིལ
301a7 བོ་འམ། ཆུ་རུལ་པ་འམ། ཁྱིམ་གྱི་སང་སེང་ངམ། སྦྲང་བུའི་ཚང་ལ་བརྟེན་ནས་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག




iiif viewer powered by OpenSeadragon

300b - 301b

Texts on this page

S316 - rgyu gdags pa