e-texts navigator
Collection
Volume
Page
Wylie

205a1 པ་རྣམས་ཀྱིས་གཏམ་དེ་ལྟ་བུ་གླེངས་པ་བཅོམ་ལྡན་འདས་ཉིན་མོ་གནས་པ་ན་བཞུགས་པས། ལྷའི་སྙན་རྣམ་པར་དག་པ་མིའི་ལས་འདས་པས་གསན་ཏོ།། གསན་ནས་ཀྱང་བཅོམ
205a2 ལྡན་འདས་ཕྱེ་འབྲེད་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ། རིམ་འགྲོའི་ཁང་པ་ག་ལ་བ་དེར་གཤེགས་སོ།། གཤེགས་ནས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས
205a3 སོ། ། བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མང་པོ་རིམ་གྲོའི་ཁང་པར་ཚོགས་ཤིང་འདུས་པ་ཁྱེད་ཀྱིས་སྐབས་སུ་གཏམ་ཅི་ཞིག་གླེངས།
205a4 ཁྱེད་གཏམ་གང་གི་ཕྱིར་ད་ལྟར་འདུས་ཤིང་འཁོད། དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི
205a5 སྐད་ཅེས་གསོལ་ཏོ། ། བཙུན་པ་བདག་ཅག་དགེ་སློ་མང་པོ་རིམ་གྲོའི་ཁང་པ་འདིར་འདུས་ཤིང་མཆིས་པ་རྣམས་ཀྱིས་སྐབས་སུ་བཀའ་མཆིད་འདི་ལྟ་བུ་ཞིག་གླེངས་ཏེ། ཚེ་དང་ལྡན་པ་དག་སྐྱེས་བུ་ཆེན
205a6 པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་ནི་རྣམ་པ་གཉིས་སུ་འགྱུར་གྱི། གཞན་དུ་མི་འགྱུར་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་། ཁྱིམ་ན་གནས་ན་ནི། འཁོར་ལོ་སྒྱུར་བའི་རྒྱལ་པོར
205a7 འགྱུར་ཞེས་བགྱི་བ་ནས། འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་བ་དེ་ནི་ངོ་མཚར་ཏོ་ཞེས། བཙུན




iiif viewer powered by OpenSeadragon

204b - 205b

Texts on this page

S316 - rgyu gdags pa