| | e-texts navigator
|
366b1 གོས་གསུམ་གསུམ་དགེ་སློང་བྱེ་བ་ཕྲག་གསུམ་ལ་རྒན་པའི་རིམ་པ་བཞིན་དུ་བསྟབས་སོ། ། བར་སྐབས་དེར་ལྷ་བརྒྱ་སྟོང་དུ་མ་ཅ་ཅོའི་སྒྲ་སྒྲོགས་ཤིང་རོལ་མོ་སྣ་ཚོགས་ཡང་དག་པར་བརྡུང་བ་དང་། ལྷའི
366b2 མེ་ཏོག་དང་། ཕྱེ་མ་དང་། གོས་ཀྱི་ཆར་བབ་པར་གྱུར་ཏོ།། ཇི་ལྟར་ཕྱོགས་དེར་ཕྱོགས་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་རྣམས་དང་། རྒྱལ་པོ་མ་སྐྱེས་དགྲ་བཙུན་མོ་དང་། གཞོན་ནུ་དང་།
366b3 བློན་པོ་དང་། གྲོང་ཁྱེར་པ་རྣམས་དང་། སྐྱེ་བོའི་ཚོགས་དང་བཅས་པ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་ངོ་མཚར་ལ་བལྟས་ནས། རྨད་དུ་བྱུང་བའི་མིག་གདངས་ཏེ། ལན་གསུམ་གྱི་བར་དུ་ཆེད་དུ
366b4 བརྗོད་པ་ཆེད་དུ་བརྗོད་དེ། ཨེ་མའོ་བསོད་ནམས་ཀྱི་འབྲས་བུའི་རྣམ་པར་སྨིན་པ། ཨེ་མའོ་བསོད་ནམས་ཀྱི་སྟོབས། ཨེ་མའོ་སྦྱིན་གནས་ཀྱི་ཞིང་ལ་སྦྱིན་པའི་ས་བོན་བཏབ་པའི་རྣམ་པར
366b5 སྨིན་པ་གདའ་བར་མི་བྱེད་པ་ཡིན་ན། མཁས་པ་སུ་ཞིག་གིས་རྣམ་པ་འདི་ལྟ་བུའི་བསོད་ནམས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་ཡང་དག་པར་མཐོང་ན། སྦྱིན་པའི་ཞིང་ལ་སུ་ཞིག་སྦྱིན་པར་མི་བྱེད
366b6 ཅེས་ཟེར་ཞིང་། དེ་ལྟར་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་སྤྱི་བོར་ཐལ་མོ་སྦྱར་ཏེ། སྒྲ་གསང་མཐོན་པོས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཟེར་བར་གྱུར་ཏོ།། དེ་ནས་གནས་བརྟན་ཀུན་དགའ
366b7 བོས་སྦྱིན་པའི་རབས་སྟོན་པ་མཛད་དོ། ། དེ་ནས་དེད་དཔོན་ཉི་མ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཉིས་ས་ལ་བཙུགས་ཏེ། གནས་བརྟན་ཀུན་དགའ་བོ
iiif viewer powered by OpenSeadragon
366a - 367a