| | e-texts navigator
|
154b1 ཤེས་རབ་ཀྱིས་དགྲ་བཅོམ་པ་ཉིད་དུ་འགྱུར་བ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པར་ཟད་ཀྱི། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པ་ནི་འདོད་ཆགས་ཀྱི་བདག་ཉིད་དམ། ཞེ་སྡང་གི་བདག་ཉིད་དམ།
154b2 གཏི་མུག་གི་བདག་ཉིད་ཀྱང་མ་ཡིན་ལ། ཆོས་ཀྱི་དབྱིངས་ལས་ཀྱང་དགྲ་བཅོམ་པ་གཞན་དུ་མེད་དེ། དེ་ལྟར་མོས་སོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཁྱུ་མཆོག་དང
154b3 མཉམ་པར་མོས་སམ། སྨྲས་པ། མོས་སོ།། སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ་འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་མངོན་པར་རྫོགས་པ།
154b4 སངས་རྒྱས་ཏེ། དེ་ལྟར་མོས་སོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱི་ཡུལ་ཇི་ཙམ་པ་དེ་ཙམ་དུ། ཁྱོད་ཀྱིས་ལན་བཏབ་པ་ལེགས་སོ་ལེགས་སོ།། དེ་ཙམ་ཞིག་ཁྱོད་ལ་དྲིས་ཀྱིས། ད་ནི་རང་གི
154b5 གནས་སུ་སོང་ཞིག། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་འདི་ལྟར་འདི་ཉིད་ནི་བདག་གི་ཇི་སྲིད་འཚོ་བའི་བར་གྱི་གནས་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ
154b6 པ། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་འམ། འཆང་བ་འམ། ཀློག་པ་འམ། ཀུན་ཆུབ་པར་བྱེད་པ་དེས་ནི། སྤོབས་པ་མྱུར་དུ་ཐོབ་པར་འགྱུར
154b7 རོ། ། གསོལ་བ། བཅོམ་ལྡན་འདས་དེ་ནི་དེ་ལྟ་ལགས་ཏེ། ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་གི་སླད་དུ། ཆོས་ཀྱི་ཕྱག་རྒྱ་འདི་གཞག་པ་དེ་དག་ནི
iiif viewer powered by OpenSeadragon
154a - 155a