| | e-texts navigator
|
54a1 དཔེར་ན། རྔ་མཁན་གྱིས་སྣོད་དུ་མ་བྱས་པ་དག་སྣོད་ཀྱི་མིང་མི་ཐོབ་བོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པ་ཡང་ཕ་རོལ་ཏུ་ཕྱིན་པའི།
54a2 མིང་མི་ཐོབ་བོ།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སུས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བ་དེ། ཕྱིས་རྒྱལ་ཕྲན་ཐམས་ཅད་ལ་རེ་བར་མི་བྱེད་དོ།། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་སུས
54a3 ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་མཐོང་བ་དེ་ཕྱིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་རེ་བར་མི་བྱེད་དོ།། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། བ་ལང་གི་རྗེས་ཀྱི་ཆུ་ལས་རིན་པོ་ཆེ
54a4 ཐམས་ཅད་མི་འབྱུང་ངོ་། ། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལས་དཀོན་མཆོག་གསུམ་པོ་དག་མི་འབྱུང་ངོ་།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ལས
54a5 རིན་པོ་ཆེ་ཐམས་ཅད་འབྱུང་ངོ་། ། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་། ཐོས་པའི་རྒྱ་མཚོ་ལས་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན
54a6 མཆོག་སྟེ། དཀོན་མཆོག་གསུམ་པོ་དག་འབྱུང་ངོ་།། ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོའི་བུ་བཙས་ནས་རིང་པོར་མ་ལོན་པ་ནི། རྒྱལ་པོ་ཞེ་འམ། རྒྱལ་པོ་མ་ཡིན་པ་ཞེས
54a7 ཀྱང་མི་རྗོད་དོ། ། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་། སངས་རྒྱས་ཞེ་འམ། སངས་རྒྱས་མ་ཡིན་པ་ཞེས་ཀྱང་མིརྗོད་དོ།། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན།
iiif viewer powered by OpenSeadragon
53b - 54b