e-texts navigator
Collection
Volume
Page
Wylie

275b1 མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་མིང་འདུ་ཤེས་པ་དང་དགོན་པར་འདུ་ཤེས་པ་ཡིད་ལ་མི་བྱ་བར་སར་འདུ་ཤེས་པ་འམ་དེ་ལས་ཁ་ཅིག་ལ་ཡིད་ལ་བྱ་ཞིང་། དེས་འདི་ལྟར་སའི་ཕྱོགས
275b2 གང་དག་མཐོན་དམན་དང་། སྡོང་བུ་དང་། ཚེར་མའི་གཞི་དང་། རྡོ་བ་དང་། གསེག་མ་དང་། གྱོ་དུམ་དང་བཅས་པ་དང་། ཚ་རྒོ་ཅན་དང་། དཀོན་དུད་དང་། ཐ་ཆད་དང་། སྡིག་པ་ཅན་གྱིས་དེ་དག་ཡིད་ལ་མི་བྱ་བར་སིའི་ཕྱོགས
275b3 གང་དག་མཉམ་པ་དང་། མི་མཉམ་པ་མེད་པ་དང་། ལག་མཐིལ་ལྟ་བུ་དང་། གཙང་བ་དང་ནགས་ཚལ་དང་ལྡན་པ་དང་། ཉམས་དགའ་བ་དེ་ལྟ་བུའི་སའི་ཕྱོགས་དེ་དག་ཡིད་ལ་བྱ་སྟེ་འདི་ལྟ་སྟེ། དཔེར་ན་ཁྲུ་མཆོག
275b4 ཀོ་བ་ཕུར་བུ་བརྒྱས་ཤིང་དུ་བརྒྱངས་པ། གཉེར་མ་རངས་ཤིང་ཁམ་ཁུམ་མེད་པ་དེ་བཞིན་དུ། སའི་ཕྱོགས་གང་དག་མཐོན་དམན་དང་། སྡོང་དུམ་དང་། ཆེར་མའི་གཞི་དང་། རྡོ་བ་དང་། གསེག་མ་དང་། གྱོ་དུམ་དང་བཅས་པ་དང་།
275b5 ཚ་རྐོ་ཅན་དང་། དགོན་དུད་དང་། ཐ་ཆད་དང་། སྡིག་པ་ཅན་གྱིས་དེ་དག་ཡིད་ལ་མི་བྱ་བར་སའི་ཕྱོགས་གང་དག་མཉམ་པ་དང་། མི་མཉམ་པ་མེད་པ་དང་། ལག་མཐིལ་ལྟ་བུ་དང་། གཙང་བ་དང་། ནགས་ཚལ་དང་ལྡན་པ་དང་།
275b6 ཉམས་དགའ་བ་དེ་ལྟ་བུའི་སའི་ཕྱོགས་དེ་དག་ཡིད་ལ་བྱའོ།། དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། མིར་འདུ་ཤེས་པ་དང་། དགོན་པར་འདུ་ཤེས་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ། སར་འདུ་ཤེས་པ
275b7 ཁོ་ན་འམ། དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ་མོ།། དེ་ལ་མིར་འདུ་ཤེས་པ་དང་། དགོན་པར་འདུ་ཤེས་པ་ལ་རྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། སར
275b8 འདུ་ཤེས་པ་ཁོ་ན་འམ། དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་དོ་ཞེས་བྱ་བར་ཡང་དག་པར་མཐོང་ཡང་། དེ་ལ་ལྷག་མ




iiif viewer powered by OpenSeadragon

275a - 276a

Texts on this page

Q956 - mdo chen po stong pa nyid ces bya ba