e-texts navigator
Collection
Volume
Page
Wylie

300b1 སངས་རྒྱས་རྣམས་འབྱུང་བས་དེ་དག་ལ་བཀུར་སྟིར་བྱས་ན་བདག་ཉིད་ལ་ཐོག་མ་ཁོ་ནང་བཀུར་སྟིར་བྱས་པ་ཡིན་གྱི། དེ་དག་ལ་ནི་མ་ཡིན་པ་དང་། དེ་དག་ནི་བདག་གི་བའི་ནོར་ལ་སྤྱོད་མོད་ཀྱི། དེ་ལ་བདག་གི་འདོད་པར་མི་བྱ། ཕྲག་དོག
300b2 ཏུ་མི་བྱ་སྙམ་དུ་སེམས་དཔའོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་སྦྱིན་པ་སྦྱིན་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས
300b3 དཔའ་གང་གི་ཚེ་སློང་བ་མཐོང་ན་དེ་སེར་སྣའི་སེམས་ཚར་གཅོད་པར་བྱེད། ། གཏོང་བ་ཆེན་པོ་འཕེལ་བར་བྱེད་དེ། དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ཚུལ་ཁྲིམས་ཡང་དག་པར་བླངས་ནས་ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པར
300b4 བྱེད་པ་དང་། གང་དག་ཚུལ་ངན་པ་ཅན་དེ་དག་ཚུལ་ཁྲིམས་ལ་འཇོག་པར་བྱེད་ཅིང་སྦྱིན་པ་ཡང་སྦྱིན་པར་བྱེད་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གར་བྱམས་པར་སེམས་དཔའ་དང་། སེམས་མ་འཁྲུགས་པ་དང་། ཕན་པར
300b5 སེམས་དཔའ་དང་། སེམས་རྩེ་གཅིག་པར་གྱུར་ནས་སྦྱིན་པ་སྦྱིན་པར་བྱེད་པ་དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་བཟའ་བ་དང་། བཅའ་བ་དང་། མྱང་བར་བྱ་བ་དེ་དག་ལ་ལུས་དང་། ངག་དང་། སེམས་འཇོག་ཅིང་འགྲོ་བ་དང་འོང་བར
300b6 བྱེད་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། སྦྱིན་པ་བྱིན་ནས་གང་རྩ་གཅིག་པར་དང་། དབུགས་ཕྱིན་པར་མི་འཛིན་པ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གལ་ཏེ་སྦྱིན་པ་དེ་བྱིན་ནས་ཆོས་ཉིད་ལ་བརྟེན་འདི་སུས་བྱིན
300b7 འདི་སུས་ཟོས། སུ་ལ་རྣམ་པར་སྨིན་པར་འགྱུར་ཞེས་དེས་དེ་ལྟར་བརྟགས་ན། གང་གིས་སྦྱིན་པ་དང་། གང་ལ་སྦྱིན་པ་དང་། གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ཆོས་གང་ཡང་མི་དམིགས་པ་དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།།
300b8 རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་སྦྱིན་པ་སྦྱིན་པར་བྱེད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།།




iiif viewer powered by OpenSeadragon

300a - 301a

Texts on this page

Q927 - 'phags pa thabs mkhas pa zhes bya ba theg pa chen po'i mdo