| | e-texts navigator
|
52b1 ཆོས་རྣམས་སོ། ། སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་ཉིད་མངོན་སུམ་ཉིད་དོ།། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ཡང་སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་མ་ཡིན་ནམ། སྨྲས་པ། ཚངས་པ་གལ་ཏེ་དེ་བཞིན་གཤེགས
52b2 པ་འམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རུང་སྟེ་འགའ་ཞིག་ཡང་དག་པར་ཡོངས་སུ་གྲུབ་པར་གྱུར་ན་ནི་སངས་རྒྱས་ཀྱི་ཆོས་རྣམས་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་འགྱུར་རོ།། སྨྲས་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་གང
52b3 ཡང་མེད་དམ། སྨྲས་པ། ཚངས་པ་ཆོས་གང་ཡོངས་སུ་གྲུབ་པ་མེད་དེ་ཡོད་པ་འམ་མེད་པར་ཁས་བླང་དུ་མེད་དོ།། ཆོས་གང་ཡོད་པ་འམ་མེད་པར་ཁས་བླང་དུ་མེད་པ་དེ་ལ་མངོན་སུམ་དུ་འགྱུར་བ་གང་ཡང་མེད་དོ།། སྨྲས་པ། འོ་ན་ན་དེ
52b4 ཇི་ལྟར་སངས་རྒྱས་ཀྱི་ཆོས་ཤེས་བསྟན། སྨྲས་པ། ཚངས་པ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནམ་མཁའ་ཞེས་བསྟན་ཀྱང་ནམ་མཁའ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་གང་ཡང་མེད་དོ།། ཚངས་པ་དེ་བཞིན་དུ་སངས
52b5 རྒྱས་ཀྱི་ཆོས་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བསྟན་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་ནི་ཡང་དག་པར་ཡོངས་སུ་གྲུབ་པ་གང་ཡང་མེད་དོ། ། སྨྲས་པ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བསྟན་པ་འདི་ཐོས
52b6 ནས་སྐྲག་པར་མི་འགྱུར་གྱི་དེས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཆེད་དུ་གོ་ཆ་གྱོན་པ་ནི་ངོ་མཚར་ཏོ། ། སྨྲས་པ། ཚངས་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དེ་དག་སངས
52b7 རྒྱས་ཀྱི་ཆོས་ཟབ་མོ་ཐོས་ན་སྐྲག་པར་མི་འགྱུར་རོ། ། ཚངས་པ་འཛིན་པ་དང་མངོན་པར་ཞེན་པར་གྱུར་ན་སྐྲག་པར་འགྱུར་གྱི་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་ན་སྐྲག་པར་མི་འགྱུར་རོ།། གནས་དང་ཆགས་པར་གྱུར་ན
52b8 སྐྲག་པར་འགྱུར་གྱི་གནས་མེད་ཅིང་ཆགས་པ་མེད་ན་སྐྲག་པར་མི་འགྱུར་རོ། ། ངར་འཛིན་པ་དང་། ང་ཡིར་འཛིན་པར་གྱུར་ན་སྐྲག་པར་འགྱུར་གྱི། ངར་འཛིན་པ་དང་ང་ཡིར་འཛིན་པ་དང་བྲལ་ན་སྐྲག་པར་མི་འགྱུར་རོ།། སྨྲས་པ།
iiif viewer powered by OpenSeadragon
52a - 53a