e-texts navigator
Collection
Volume
Page
Wylie

42b1 དཀའ་བའི་ལས་རྣམས་ཀྱང་། ། ཡིད་ལ་གང་དང་གང་འདོད་པ།། དེ་དག་མཐར་བྱིན་མྱུར་བར་ནི།། རིག་སྔགས་འཆང་བ་བྱེད་པར་འགྱུར།། རི་རྣམས་ཀྱི་ནི་རྩེ་མོ་དང་།། གཅོད་རོང་རྣམས་ནི་བརྙིལ་བར་བྱེད།། ས་ཡང་རབ་ཏུ་འགས་པར
42b2 བྱེད། ། ཆུ་དག་ཀྱང་ནི་སྐམས་པར་ནུས།། དཔུང་རྣམས་མི་གཡོ་གནོད་པར་བྱེད།། ཐག་གི་ཆར་ཡང་འབེབས་པར་བྱེད།། སྟོང་ངམ་ཡང་ན་འབུམ་ཡང་རུང་།། དེ་མ་ཐག་ཏུ་གསོད་པར་ནུས།། གནོད་པ་དང་ནི་རྨོངས་པ་དང་།། དེ་མ་ཐག་ཏུ
42b3 འབེབས་པར་བྱེད། ། ཤིང་རྟའམ་ཡང་ན་གྲུ་དག་དང་།། གླང་པོ་མྱོས་པ་གནོན་པར་ནུས།། ཕ་རོལ་དཔུང་དག་འཁྲུག་པར་བྱེད།། ཡུལ་ཕྱོགས་མྱུར་དུ་རྨོངས་པར་ནུས།། ཁྲོས་ནས་ས་ཡང་གཡོ་བར་བྱེད།། གླིང་དང་ནགས་ཚལ་བསྲེག་པར
42b4 ནུས། ། དེ་ནི་གང་བའི་མཚོ་ཡང་སྐེམས།། སྐམས་པ་དག་ཀྱང་འགེངས་པར་ནུས།། སྤྲིན་ཡང་ལེགས་པར་གནོན་པར་ནུས།། ཆར་པ་དག་ཀྱང་འབེབས་པར་བྱེད།། དུས་མིན་ཆར་ཡང་འབེབས་པར་ནུས།། ཀླུ་ཡི་བདག་པོ་དག་ཀྱང་འགུགས།།
42b5 དེ་ནི་ནག་པོས་ཟིན་པ་ཡང་།། མཐོང་བའང་ཡང་ན་སྤྲིན་ཙམ་གྱིས།། འགུགས་པར་བྱེད་དེ་ཐེ་ཙོམ་མེད།། སེར་བ་དང་ནི་སོལ་བའི་ཆར།། དེ་མ་ཐག་ཏུ་འབེབས་པར་ནུས།། འབྲས་བུ་མེ་ཏོག་མཆོག་རྣམས་དང་།། ཡལ་ག་དག་གིས་བརྒྱན་པའི
42b6 ཤིང་། ། བལྟས་པའམ་ཡང་ན་རྡོ་འབངས་པས།། གློ་བུར་དུ་ཡང་འགྱེལ་བར་བྱེད།། དེ་ནི་སྦྱར་བ་ཙམ་གྱིས་སུ།། ས་ཡི་འོག་ཀྱང་འཁྲུག་པར་བྱེད།། དེ་བཞིན་ལྷ་དང་མི་རྣམས་ལ།། གནོད་པ་ཆེན་པོ་འབྱུང་བར་བྱེད།། ཁྲོ་བོའི་རྒྱལ་པོ་འདི་ཡི་ནི།། །
42b7 ངེས་པར་དབང་དུ་མི་འགྱུར་བའི།། དངོས་པོ་འདས་དེང་ད་ལྟར་དང་།། ཕྱིས་འབྱུང་བ་དག་གང་ཡང་མེད།། ལྷ་དེ་གྲུབ་པར་མ་གྱུར་ཀྱང་།། མཐོང་བ་ཙམ་འམ་ཚིག་གིས་ཀྱང་།། དུག་དང་རིམས་དང་གདོན་རྣམས་སོགས།། ཞི་བར་བྱེད་པའི
42b8 མཆོག་ཏུ་འགྱུར། ། དབང་དུ་བྱེད་དང་དབྱེ་བ་དང་།། གསད་དང་སྐུད་པར་བྱ་བ་དང་།། མིག་འཕྲུལ་ཨརྫ་བསྐུ་བ་རྣམས།། བདུག་དང་དྲིས་བྱུགས་སྦྱོར་བ་ཡིས།། ལས་རྣམས་འདི་དག་ཐམས་ཅད་ནི།། བཟླས་པ་བརྒྱ་བྱས་འགྲུབ་པར་བྱེད།། སྔགས་པ།




iiif viewer powered by OpenSeadragon

42a - 43a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud