e-texts navigator
Collection
Volume
Page
Wylie

151b1 བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་གཟུངས་སྔགས་འདི་དག་གི་སྤྱིའི་སྒྲུབ་པའི་རྣམ་པར་ཕྱེ་བ་བཤད་ཀྱིས་ཉོན་ཅིག། འཇམ
151b2 དཔལ་དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་ཡང་རུང་སྟེ། ། རི་མོའི་སྐུ་གཟུགས་བཞག་ལ། བཅོམ་ལྡན་འདས་མའི་གཟུགས་སམ་ཁ་དོག་གམ་དབྱིབས་སམ། ཡི་གེར་ཡིད་ལ་བསམས་ཏེ། ཟླ་བ་དྲུག་གི
151b3 བར་དུ་བསྒོམས་ན་ལས་ཐམས་ཅད་ནུས་པར་འགྱུར་ཏེ། དུག་ནི་མཐོང་བ་ཙམ་གྱིས་འབྲོས་པར་འགྱུར་རོ།། གདོན་གྱིས་ཟིན་པ་ནི་བསྡིགས་པ་ཙམ་གྱིས་འབྲོས་པར་འགྱུར་རོ།། གཞན་ཅི་ཡང་རུང་བས་ཟིན་པ་ཡང་མཐོང་བ་ཙམ་གྱིས་གཏོང་བར་འགྱུར
151b4 རོ། ། དཔག་ཚད་བརྒྱའི་ཕ་རོལ་ན་གནས་པ་ཡང་ལས་ཐམས་ཅད་བྱེད་དོ།། འཇིགས་པ་ཐམས་ཅད་ལ་ནི་ལན་རྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་སྐུད་པས་བསྲུང་བ་བྱས་པར་འགྱུར་རོ།། བགེགས་ཐམས་ཅད་ལ་ནི་ཆུས་བསྲུང་བར་བྱེད་དོ།། བསྒྲུབ་པ
151b5 རྣམས་སམ་རོ་ལངས་བསྒྲུབ་པ་རྣམས་ལ་གསང་སྔགས་འདི་དག་ལས་གང་ཡང་རུང་བ་གཅིག་གིས་བདག་བསྲུང་བ་དང་གཞན་བསྲུང་བ་དང་ཕྱོགས་བཅིང་བ་དང་དཀྱིལ་འཁོར་གྱི་མཚམས་བཅད་པར་བྱའོ། ། དེ་ནས་ལུས་མི་སྣང་བར་བྱེད་འདོད
151b6 ན་སྐར་མ་རྒྱལ་ལ་ལྡོང་རོས་ཁ་ཐབས་བཞིན་དུ་ཉོས་ཏེ་རང་གི་ཁྲག་གིས་བསྒོས་ལ། དེ་ནས་པཱུང་སྟེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་གོ།། དེ་ནས་ཟས་སུ་འོ་མ་དང་ཕྱེའི་འདེགུ་ཟ་ཞིང་ཞག་བདུན་གྱི་བར་དུ་དུས་གསུམ་དུ་སྟོང་རྩ་བརྒྱད་བརྒྱད་བཟླས
151b7 བརྗོད་བྱའོ། ། དེ་ནས་མར་གྱི་དོ་ཞག་བརྒྱད་ལ་ཁ་ཟས་མི་ཟ་བར་ལག་པ་གཡོན་པར་བཞག་སྟེ། བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། ཐིག་ལེ་བྱས་པས་ལུས་མི་སྣང་བར་འགྱུར་ཞིང་འདོད་དགུར་སྒྱུར་བའི་གཟུགས་ཅན་ལོ་ལྔ
151b8 སྟོང་ཐུབ་པར་འགྱུར་རོ། ། བཅོམ་ལྡན་འདས་མ་མཐོང་བར་འདོད་ན་ཟླ་བ་གཅིག་གི་བར་དུ་སློངས་མོའི་ཟས་ཟ་ཞིང་རིའི་རྩེ་མོར་སོང་སྟེ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱའོ།། དེ་ནས་ཞག་གསུམ་བསྙུང་བ་བྱས་ཏེ། ཟླ་བ་ཉལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཅི




iiif viewer powered by OpenSeadragon

151a - 152a

Texts on this page

Q130 - 'phags pa lag na rdo rje dbang bskur ba'i rgyud chen po