e-texts navigator
Collection
Volume
Page
Wylie

256b1 ཡང་དག་ལན་འདེབས་རྣམ་བསྒྲགས་བསྟན་ཅིང་སྐྱེ་བོས་ཤིན་ཏུ་ཚིག་གཟུང་འོས།། པི་བང་རོལ་མོའི་སྒྲ་འབྱོར་སྤྲིན་སྒྲ་སྐད་སྙན་ཕོ་བྲང་འཁོར་སྐང་ལྡན།། མ་རྨོངས་སེམས་ཀྱིས་མྱོས་འགྱུར་མ་ལེགས་བརྗོད་བྱེད
256b2 སྤངས་པ་ལྟར་འགྱུར་ཞིང་།། གྲངས་མེད་དགེ་བའི་ལྷ་ཡིས་མཆོད་པའི་ལྷའི་གནས་ན་གནས་པར་འགྱུར།། བློ་དང་ལྡན་ཞིང་ལུས་བརྟན་ཡིད་བཟང་བག་ཡོད་ཀུན་དང་ལྡན་པར་འགྱུར།། དེ་དག་རྟག་ཏུ་བདེ
256b3 གྱུར་དབང་རྣམས་དེ་དག་ཕན་པར་བརྗོད་པར་བྱེད།། གལ་ཏེ་ཚེ་ཟད་ལྷའི་ཡུལ་ནས་ལྡང་བའི་ལྷ་རྣམས་དེ་ཚེ་སྨད།། སྡིག་མེད་ལོ་བརྒྱ་ཉི་ཤུ་འགྲོ་ན་ལྷའི་གནས་སུ་འགྲོ་བར་འགྱུར།། བསོད་ནམས་ལྔ་མངོན
256b4 གྱུར་པས་དེ་ནི་དམ་པ་དཔལ་ལྡན་ལུས་འོད་ཅན།། ལྷ་རྣམས་ལམ་སེལ་བྱེད་ཅིང་ལྷ་རྣམས་བྱེ་བས་མཆོད་དེ་བརྟན་པར་འགྲོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ
256b5 གྲོས་ལ་བཀའ་བསྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ལྔ་གང་ཞེ་ན། དང་བ་བྱས་པ་བཟོ་བས་སྦྱིན་པ་དང་། བཀྲེན
256b6 པ་དང་། དབུལ་པོ་དང་། སྡུག་བསྔལ་བ་ལ་ཀུན་འགྱེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་མ་ཉམས་པར་བསྟེན་པ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་དང་། བརྩོན་འགྲུས
256b7 ཀྱི་སེམས་ཅན་ལེ་ལོ་ཅན་རྣམས་དགེ་བའི་ཆོས་ལ་སྤྲོ་བར་བྱེད་ཅིང་ངེས་པའི་སེམས་ཀྱིས་གུས་པ་དང་བཅས་པ་ལ་མཐུན་པར་འཛིན་པ་སྟེ།། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དག་དང་ལྡན་པ་རྣམས་ནི།




iiif viewer powered by OpenSeadragon

256a - 257a

Texts on this page

Ng47.6 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo