e-texts navigator
Collection
Volume
Page
Wylie

217b1 ཐམས་ཅད་དུ་འོད་དང་ལྡན་པ་རྒྱལ་ཆེན་ཤུགས་ལྡན་འོད་ཅེས་བྱ་བའི་གཟུངས་ཡོད་དེ། དེས་བྱིན་པ་ཙམ་གྱིས་ཡི་དགས་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་པར་འགྱུར་ཏེ། ཡི་དགས་དང་། བྲམ་ཟེའི་དྲང་སྲོང་རེ་རེ་ལ་ཟས་དང
217b2 སྐོམ་ཡུལ་མ་ག་དྷའི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ། །དེ་ནི་ང་སྔོན་བྲམ་ཟེར་གྱུར་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང་ཕྱུག་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད་ལས་ངས་བཟུང་སྟེ། དེས་ཡི་དགས་དང་བྲམ
217b3 ཟེའི་དྲང་སྲོང་གྲངས་སུ་བགྲང་བ་མང་བ་དང་། ཆེས་མང་བ་དག་ངས་ཟས་དང་སྐོམ་གྱིས་ཚིམ་པར་བྱས་ཏེ། དེ་དག་ཐམས་ཅད་ཡི་དགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ནས་ལྷའི་འཇིག་རྟེན་དུ་སྐྱེས་སོ། །ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ལ་ངོ་ལོན་གྱིས་ཤིག་།
217b4 ན་མཿསརྦ་ཏ་ཐཱ་ག་ཏཱ་ཨ་བ་ལོ་ཀི་ཏེ་སམ་བྷཱ་ར་སམ་བྷཱ་ར་ཧཱུ~ཾ། ཀུན་དགའ་བོ་འདིས་ཡི་དགས་ཀྱི་གཏོར་མ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ལག་པ་བརྐྱང་སྟེ་སྒོ་དྲུང་དུ་སྦྱིན་པར་བྱའོ། །སེ་གོལ་ཡང་བརྡབ་པར་བྱའོ། །དེ་ལྟར་བྱས་ན་བྱིན་མ་ཐག་ཏུ
217b5 ཕྱོགས་བཞིའི་ཡི་དགས་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་གི་བྱེ་མ་སྙེད་དག་ཚིམ་པར་བྱས་པར་འགྱུར་ཏེ། ཡི་དགས་རེ་རེ་ལ་ཡང་ཡུལ་མ་ག་དྷཱའི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ། །དེ་དག་ཟོས་པ་ཙམ་གྱིས་ཡི་དགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ནས་ལྷ
217b6 རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་ཁྱོད་ཀྱིས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་རྟག་ཏུ་རྒྱུན་མི་འཆད་པར་ཁོར་ཟུག་ཏུ་བསྙད་པར་བྱའོ། །དེ་ལྟར་བྱས་ན་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ཏེ།
217b7 ཚེ་ཡང་རིང་བར་འགྱུར་རོ། །དེ་བཞིན་གཤེགས་པ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །རྟག་ཏུ་མི་མ་ཡིན་པ་རྒྱུ་བ་འབྱུང་པོ་དང་། ཤ་ཟ་ལ་སོགས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གདོན་དང་། ཡི་དགས་རྣམས
217b8 ཀྱིས་མི་མཐོང་བར་འགྱུར་རོ། །སྟོབས་དང་། བརྩོན་འགྲུས་དང་ཡང་ལྡན་པར་འགྱུར་རོ། །གཟུགས་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པ་དང་། དྲན་པ་དང་ལྡན་པར་ཡང་འགྱུར་རོ། །བྲམ་ཟེའི་དྲང་སྲོང་ཚིམ་པར་བྱེད་འདོད་པ་དེས་ནི་མཆོད་ཡོན་དང་།




iiif viewer powered by OpenSeadragon

217a - 218a

Texts on this page

J977(b) - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga