e-texts navigator
Collection
Volume
Page
Wylie

142b1 སོགས། །ུ་ཐའི་རླུང་དང་འགྲོགས་ཏེ་གནས། །དྷརྨ་ཙཀྲ་སྲོག་གི་རྟེན། །མ་ལུས་བཞི་རྩ་ཀུན་གྱི་སྲོག་།རྩ་བཞི་ཡན་ལག་བརྒྱད་དང་ལྡན། །དངས་མ་ལྔ་འདུས་ཀུན་གྱི་གཙོ། །ཕྱི་རིམ་རིན་ཆེན་སུལ་མདངས་འདྲ། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །རིན་ཆེན་ཕུང་པོ་ཟ་མ་ཏོག་།སྣ་ཚོགས
142b2 ཡེ་ཤེས་ལྔའི་བདག་། ཐུང་ངུ་ཨའི་རང་བཞིན་ཅན། །སྲོག་གི་རླུང་དང་འགྲོགས་ཏེ་གནས། །ཕྱི་རིམ་པད་མ་འདབ་བརྒྱད་དེ། །ཆོས་ཉིད་ཡེ་ཤེས་ཡོན་ཏན་དང་། །རང་རྒྱུད་བཞི་ལ་ཡན་ལག་བརྒྱད། །ཐུན་མོང་ཕྱི་ཡི་རིམ་པ་ཡིན། །འདི་ལ་རྩ་གསུམ་རིམ་པ་སྟེ། །ཟག
142b3 པའི་རྩ་དང་མངོན་ཤེས་རྩ། །ཆོས་ཉིད་རིམ་པ་གསུམ་དུ་གནས། །རླུང་ཡང་གཅིག་གམ་གཉིས་ཡིན་ཏེ། །དེ་ལས་བྱེ་བྲག་དཔག་མེད་པའོ། །གནས་པ་དང་ནི་རྒྱུ་བའི་རླུང་། །གནས་པ་སྲོག་དང་ཡེ་ཤེས་ཏེ། །རྒྱུ་བ་བཞི་ནི་མངོན་པར་བརྗོད། །ཕྱི་ནང་ཅན་དང
142b4 གྱེན་ཐུར་ཅན། །དེ་རེ་འང་དངས་སྙིགས་ཁྱད་པར་གྱིས། །རིམ་པ་བརྒྱད་དུ་མངོན་སྣང་ཡིན། །གཉིད་དང་འགྲོ་བའི་ས་བོན་གྱིས། །ཆགས་སྡང་དྲན་རྟོག་ཀུན་གྱི་གཞི། །གང་དུ་གནས་དང་གནས་མ་ཡིན། །རྒྱུ་ཞིང་འཕོ་བ་རླུང་གིས་ཏེ། །བདེ་དང་སྡུག་བསྔལ
142b5 ཇི་སྙེད་པ། །མྱོང་ཞིང་སྐྱེད་པར་བྱེད་པ་ཡིན། །འདི་ནི་གནས་དང་མི་གནས་ཀྱིས། །སྲོག་དབང་དྲན་པ་དབང་སྒྱུར་བས། །གནས་དང་འཕོ་བ་ཕ་རོལ་དག་།གནས་པ་སྲོག་གི་རླུང་ཅན་ནོ། །གང་དུ་འཁྲུལ་པ་འཛེད་པ་ནི། །མ་ལུས་འགྱེད་ཅིང་སྤྲོ་བ
142b6 ཡི། །གྱེན་ཐུར་འཛེག་ཅིང་འགེངས་འབྱུང་བའི། །སྒོ་གཉིས་ལུས་ཀུན་ཁྱབ་པའི་རྩ། །དྲུག་ཅུ་རྩ་བཞི་སྙིང་པོ་ཅན། །ཕྱི་རིམ་བཞི་ཡི་རྒྱུན་དུ་འཁྱིལ། །དབུས་ནས་འཁྱིལ་བ་ཐིག་ལེའི་རྩ། །འཕེན་པ་བདེ་བའི་རླུང་དང་འགྲོགས། །གང་དུ་འང
142b7 འཁྲུལ་ཅིང་སྤྲུལ་པའི་ཕྱིར། །སྤྲུལ་པའི་འཁོར་ལོ་ཤེས་རབ་ཉིད། །དེ་འོག་གྲུ་གསུམ་འབར་བའི་རྩ། །གྱེན་དུ་འབར་དང་ཐུར་དུ་འཕྲོ། །འོད་ཀྱིས་འབར་བའི་ས་བོན་ཅན། །རྩེ་མོའི་འོག་ནས་རེག་པའི་ཁམས། །གཏུམ་མོ་ལྟེ་འོག་འབར་བའི་རྩ། །
142b8 སྐྱེས་བུ་ཆགས་པ་སློང་བ་ལྟར། །འདི་དག་བདེ་བ་བསྐྱེད་པ་སྟེ། །གནས་ས་ཚད་དང་བཅས་པར་གནས། །དེ་འོག་གཡོ་བ་རླུང་གི་རྟེན། །འགྱེད་དང་འཇུམ་པའི་ལས་ཅན་ཉིད། །དེ་དང་དེ་གཉིས་གང་ལྡན་པས། །ལུས་ཀྱི་དངས་སྙིགས་འདིས་འབྱེད་པ། །




iiif viewer powered by OpenSeadragon

142a - 143a

Texts on this page

J751 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud