e-texts navigator
Collection
Volume
Page
Wylie

139a1 མ་ལུས་གཅིག་དང་ཐ་བྲལ་བའི། །ཇི་ལྟར་འཐུན་པའི་སྙིང་པོ་ལ། །སོ་སོའི་དོན་ལྟར་མི་གནས་པས། །བསྐྱེད་པ་ལྷ་དང་གཞལ་ཡས་དང་། །རྫོགས་པ་ནམ་མཁའི་ཡེ་ཤེས་དང་། །དངོས་པོ་ལྷན་ཅིག་སྐྱེས་པ་རུ། །སྣང་བ་རྐྱེན་གྱིས་སྒྱུར
139a2 བ་ལྟར། །མ་ལུས་དེ་ཡི་ངོ་བོར་འགྱུར། །དེ་དག་བལྟས་པའི་ཁྱད་པར་གྱིས། །རང་རེའི་མོས་དང་བསམ་པ་དང་། །ནུས་པའི་རིམ་པ་ཅིར་སྣང་ཡང་། །ནམ་མཁའ་དང་བའི་རང་བཞིན་ལས། །ཉི་ཟླ་གཟའ་སྐར་སྤྲིན་ཁུ་རླངས། །རང་བྱུང་རང་དངས
139a3 འགྱུར་མེད་ལྟར། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །དངོས་དབང་དོན་ལས་མ་གཡོས་པས། །དེ་དག་དེ་ལྟར་ཉིད་སྣང་བས། །དེ་ཉིད་ནམ་མཁའི་ཁོངས་སུ་འདུ། །དེ་ནས་བསྟན་ཚིགས་བཤད་པར་བྱ། །མ་ལུས་འགྲོ་བ་ཐམས་ཅད་ལ། །བྱང
139a4 ཆུབ་སྙིང་པོས་ཀུན་ཁྱབ་པས། །ཀུན་གྱིས་མཐོང་གོམས་བྱ་དགོས་པས། །སོ་སོ་ཐུན་མོང་གཏན་ཚིགས་དང་། །ཐུན་མོང་མ་ཡིན་ལ་སོགས་པ། །རྒྱ་མཚོ་ཀློང་དང་ཆུ་བོ་ལྟར། །མ་ལུས་འདུལ་ཤིང་འབྱུང་བ་ཡིན། །ཐུན་མོང་བཞི་སོགས་གང
139a5 ཡིན་པ། །ལོག་ལྟ་ཕྱོགས་འཛིན་དགག་པ་དང་། །དངོས་དབང་ཐབས་དང་འབྲེལ་མཚོན་ཕྱིར། །ཐུན་མོང་གཏན་ཚིགས་བརྗོད་པ་ཡིན། །གང་ཕྱིར་གཏན་ཚིགས་ཐམས་ཅད་ཀྱིས། །རང་ལས་འཕྲུལ་ཕྱིར་མེ་ལོང་ཉིད། །མ་ལུས་གཅིག་དང་ཐ་དད་མིན། །
139a6 གང་གི་མཐའ་ལས་ཡོངས་གྲོལ་ཏེ། །དབུས་སུ་གཟུང་མེད་གཏན་ལ་ཕེབས། །གཅིག་དང་དུ་མ་བྲལ་བའོ། །རྒྱུ་དང་རྐྱེན་དང་འབྲས་བུ་སྟེ། །ཐབས་དེ་གདོད་ནས་དག་པ་གསུམ། །མ་ལུས་རང་སྣང་རྟོགས་པ་ཉིད། །མཚན་ཉིད་དེ་ཡི་མཚན་ཉིད་དོ། །རྒྱུ་གཅིག་པ་དང
139a7 ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །མ་ལུས་རྟོགས་པ་བཞིར་ཤར་ཏེ། །དེ་ཉིད་རྟོགས་པ་བཞིར་སྣང་ངོ་། །མ་སྐྱེས་ངང་ལས་གང་སྣང་བ། །ཆུ་དང་རླབས་བཞིན་གཅིག་པས་ན། །དེ་དང་དེར་གཅིག་དབྱེར་མེད་པས། །དངོས་པོ་ལོ་རྒྱུས་ཉིད་ཀྱིས་ཤེས། །
139a8 འཁོར་དང་མྱ་ངན་འདས་པ་ཡི། །རྩ་བ་ཆགས་སྡང་ལྔ་ཉིད་དེ། །གཞི་རྩ་མ་བཅོས་སྐད་ཅིག་མ། །དེ་ཉིད་རང་སྤྱིར་གང་སྣང་བ། །རྟོགས་པས་སྤྱི་དང་རང་མཚན་ཤེས། །སྣོད་བཅུད་རྒྱུད་རྣམས་མཐའ་ཡས་དང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །




iiif viewer powered by OpenSeadragon

138b - 139b

Texts on this page

J751 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud