e-texts navigator
Collection
Volume
Page
Wylie

33b1 གྲུབ་པའི་མཐའ་སྤྱོད་པ། །རྩོད་བྲལ་ལུང་ལས་གོལ་ཞེས་འཁྲུལ་པ་ཡིན། །བྱ་བྲལ་ལྷུན་རྫོགས་བདེ་བའི་ལྷུན་ལ་གནས། །ཡེ་ཤེས་རང་འབྱུང་ཆེ་བའི་སྙིང་པོ་ཉིད། །མི་གཡོ་མི་འགྱུར་བསྙད་པ་ཀུན་དང་བྲལ། །
33b2 ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་འཇོམས། །བྱ་བྲལ་ཟིན་པའི་ཡུལ་ལ་ཇི་བཞིན་གནས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་།ཆོས་རྣམས་ཐམས་ཅད་ཐིག་ལེ་ཆེན་པོའི་རང་བཞིན་ཡིན་པས་ན། །སྤྲོས་པ
33b3 མེད་ཅིང་བསྡུས་པ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །འགོག་པ་མེད་པར་དེ་བཞིན་གནས། །རྣམ་པར་མི་རྟོག་སྙིང་པོ་འདི། །ནམ་མཁའ་བཞིན་དུ་ཡེ་གནས་པས། །རྟོག་པའི་སྨྲ་བསམ་ཡུལ་ལས
33b4 འདས། ཤེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་བསྒོམ་དུ་མེད་པའི་ལེའུ་སྟེ་རྩ་དྲུག་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་གདམ་ངག་ཕོག་པ་དང
33b5 འཐུན་པའི་ལུང་ཆེན་པོ་རིམ་གྱིས་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་།ཆོས་རྣམས་ཐམས་ཅད་ང་ལས་བྱུང་བ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡེ་ནས་རྣམ་དག་དབྱིངས་ཀྱི་ལུང
33b6 དུ་བསྟན། །ཕྱི་དང་ནང་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་དང་ནི་སེམས་ཅན་གཉིས་སུ་མེད། །ལམ་དང་གཉེན་པོས་བཅོས་སུ་ག་ལ་ཡོད། །བསྒྲུབ་མེད་རྩལ་སྤྲུགས
33b7 སྨོན་པ་མེད་པས་ན། །བྱ་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །རྟོག་སྤྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུས། །གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་ལ། །
33b8 འཁྲུལ་པས་ནོར་པའི་ལམ་དུ་བརྟགས་པ་ཡང་། །གོང་དུ་བསྟན་པའི་ལམ་ཆེན་དེ་ལ་མི་གཉིས་པས། །མཉམ་པར་ཤེས་པས་སངས་རྒྱས་ཀུན་གྱི་རྗེ། །ང་དང་བདག་ཏུ་རྟོག་པ་མུ་སྟེགས་འཁྲུལ་པའི་ལམ། །




iiif viewer powered by OpenSeadragon

33a - 34a

Texts on this page

J746 - chos thams cad rdzogs pa chen po byang chub kyi sems kun byed rgyal po