e-texts navigator
Collection
Volume
Page
Wylie

284a1 སྤྲོས་མེད་ལས་སྤྲོས་དཀར་བཅུ་བྱ། །མཐའ་ཡས་ཆོས་ལ་ཕྱག་འཚལ་ལོ། །འགྲོ་འགྱུར་གྲོལ་མཛད་དག་པ་ཆེ། །དག་པར་སྤྱོད་པ་གཙང་མ་མགོན། །ཚོགས་རྫོགས་ཚོགས་ལྡན་ཚོགས་སྤྱོད་རྒྱལ། །ཚོགས་རྟག་བདག་ཉིད་ཕྱག
284a2 འཚལ་ལོ། །རབ་མཛེས་ཐུགས་རྗེའི་ཉི་མས་བརྒྱན། །འཇིག་རྟེན་རབ་གསལ་མཛད་པའོ། །རྟག་པ་དོན་ཆེན་རྟག་ཞུགས་ལ། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །ཁམས་གསུམ་བག་ཆགས་ཀྱིས་དཀྲུགས་པ། །ཐིབས་པོའི
284a3 ལིང་ཏོག་ཞུགས་པ་རྣམས། །མངོན་དུ་སྣང་བར་བརྗོད་པ་དང་། །སེམས་ལ་གསལ་མྱུར་ཤིན་ཏུ་དགའ། །མངོན་སུམ་མེད་ལ་བརྗོད་བྲལ་ཡང་། །ལྐོག་ཏུ་གྱུར་པ་སྨོས་ཀྱི་དགོས། །ལྐོག་དོན་མངོན་དུ་བྱེད་པ་ལ། །ཕྱག་རྒྱ་དང་ནི་འདྲ་འབག་ཆོག་།
284a4 མངོན་སུམ་ཐོབ་ལྡན་མིང་ནས་ཀྱང་། །དོན་ལ་སེམས་ཀྱིས་གསལ་བ་སྐྱེ། །དོན་གང་ཡང་ཡང་གོམས་པ་ལས། །སེམས་ཀྱི་འཇག་པ་རྟོག་པ་སྟེ། །དེ་བསལ་མི་རྟོག་བློ་འབྲས་བུ། །སྒོམ་པའི་ཕ་རོལ་ཕྱིན་པའོ། །བློ་དམན་རྣམས་ཀྱི་འཇུག་པ་དང་། །འབྲིང
284a5 པོ་འགྲོ་བར་བྱ་ཕྱིར་དང་། །རྣོན་པོ་རྫོགས་སངས་རྒྱས་འགྱུར་ཕྱིར། །གཟུགས་བརྙན་བྱུང་ཚུལ་བཤད་དུ་གསོལ། །མྱུར་དུ་འཇུག་དང་གྲོལ་བ་དང་། །མྱུར་དུ་བྱང་ཆུབ་ཆེར་འགྱུར་ཅིང་། །གཟུགས་བརྙན་དགེ་བའི་ཚུལ་འབྱུང་ཅན། །འདྲེན་པས་དེ
284a6 རིང་བཤད་དུ་གསོལ། །མཁའ་སྤྲིན་རྟག་པ་མེད་པ་ལ། །མཚན་མར་གཟུང་དུ་མེད་པ་ལྟར། །རྣམ་རྟོག་གིས་དཀྲུགས་སེམས་ལ་ནི། །སུ་ཞིག་མཚན་མར་འཛིན་པར་འགྱུར། །དམིགས་པའི་མཚན་མ་གསལ་བྱེད་པ། །གཟུགས་བརྙན
284a7 ཚད་དང་ལྡན་པ་སྟེ། །ལེགས་པར་འགྱུར་བའི་ཡིད་འཇུག་ཅིང་། །བྱིན་བརླབས་ངེས་པར་འཇུག་པར་འགྱུར། །དེ་ནས་བཅོམ་ལྡན་འདྲེན་པ་གཙོས། །ལྗགས་ཀྱི་དབང་པོ་རབ་བཀྲམ་ནས། །གཟུགས་བརྙེན་དགེ་བའི་ཚུལ་བྱུང་བ། །ང་ལས
284a8 ཉན་པར་བརྩོན་པ་ནི། །ལེགས་པ་ལྷ་ཡི་དྲང་སྲོང་མཆོག་།རིག་འཛིན་བྱང་ཆུབ་སེམས་ཁྱོད་ལེགས། །རྩེ་གཅིག་སེམས་ཀྱིས་ཉན་ནས་ཀྱང་། །ལེགས་པར་གསུང་པ་ཡིད་ལ་ཞོག་།ཁྱོད་ལ་ཡང་དག་བཤད་བྱ་བ། །བྱིན་བརླབས




iiif viewer powered by OpenSeadragon

283b - 284b

Texts on this page

J677 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba