| | e-texts navigator
|
241a1 ཕུང་པོ་འཛིན་དང་མདུང་ཐུང་འཛིན་ཀྱང་དེ་བཞིན་དུ་བསྡུས། དེ་བཞིན་དུ་བློན་པོ་དང་བཅས་པ་དང་། འཁོར་དང་བཅས་པ་ཡང་འདི་ཉིད་ཀྱི་ནང་དུ་བསྡུས་སོ། །ཀུན་ནས་དཔག་ཚད་བརྒྱ་དག་ཏུ། །ང་ཡིས་ཆད་པ་དག་བྱས་པས། །ང་ལ
241a2 འབྱུང་པོས་བྱར་ཅི་ཡོད། །ང་ཡིས་སྡང་བ་ཐམས་ཅད་བཅོམ། །གསོད་པར་གྱུར་པ་སྟོབས་པོ་ཆེ། །རོ་ལངས་དག་གིས་བྱར་ཅི་ཡོད། །དེ་དག་ཀྱང་ནི་ངའི་ཞགས་པས། །ཀུན་ནས་ཡོངས་སུ་བསྐོར་བ་ཡིན། །ཞག་པ་ཀུན་གྱིས་དེ་དག་ཀྱང་། །
241a3 རྨུགས་ཤིང་ཤིན་ཏུ་རྨོངས་པར་བྱས། །འདི་ཡིས་བདག་གིས་ཀུན་འགྲུབ་ཅིང་། །གསང་སྔགས་ཚིག་རྣམས་གྲུབ་གྱུར་ཅིག་།ན་མ་སིད་དྷ་ནཱན། སིད་དྷྱན་ཏུ་མན་ཏྲ་པཱ་ད་སྭ་སྟིར་མེ་སརྦ་སཏྭ་ནན་ཙ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་སྟོབས
241a4 གང་དང་། །དགྲ་བཅོམ་རྣམས་ཀྱི་སྟོབས་གང་དང་། །དམ་པའི་ཆོས་ཀྱི་གཟི་བརྗིད་ཀྱིས། །བདེ་ལེགས་སུ་ནི་རབ་གྱུར་ཅིག་།འཕགས་པ་སངས་རྒྱས་ཀྱི་གཟི་ཡིས་རྟག་ཏུ་འཇིགས་པ་ཐམས་ཅད་ལ་སྭཱ་ཧཱ། ཆོ་ག་ནི་ལན་དྲུག་ཅུ་རྩ་གཅིག
241a5 བཟླས་བརྗོད་བྱས་ཏེ། ཀཻ་མེ་རུ་དང་། བལ་གཙང་མ་ལ་སོགས་པའི་སྐུད་པ་དམར་པོ་ལ་མདུད་པ་དོར་རོ། །དེ་བཞིན་དུ་བྱབ་པ་ཡང་བྱའོ། །འབྱུང་པོ་ཐམས་ཅད་དང་། བརྗེད་བྱེད་དང་། སེམས་རྣམ་པར་གཡེང་བྱེད་ལ་སོགས་པ་དང་། དུག
241a6 བྱིན་པ་དང་། དུག་བྱས་པ་དང་། རྐང་གཉིས་པ་དང་། རྐང་བཞི་པ་རྣམས་ལ་ཀུན་ཏུ་འགྲོ་བ་གྲུབ་པའི་མཆོག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་།
241a7 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།
241a8 རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང་། བན་དེ་ཡེ་ཤེས་སྙིང་པོ་སྡེས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །།
iiif viewer powered by OpenSeadragon
240b - 241b