e-texts navigator
Collection
Volume
Page
Wylie

140a1 པ་བྱས་ལ་ཁ་བྱང་དུ་བལྟས་ཏེ་ལས་ཀྱི་རྗེས་སུ་འབྲང་བའི་སྦྱོར་བ་དམིགས་ནས། གང་གི་མིང་དང་བཅས་པར་སྦྱིན་སྲེག་བྱས་ན། དེ་ཉི་མ་བདུན་གྱིས་རེངས་པར་འགྱུར་རོ། །དེ་ནས་གྲོང་བསྐྲད་པར་འདོད་ན།
140a2 ནིམ་པའི་ཤིང་ལ་མེ་རབ་ཏུ་སྦར་ལ། ཁྱིའི་ཤ་དང་སྦལ་བའི་ཤ་དང་ཁྱིམ་བྱའི་ཤ་དང་རྔ་མོའི་རྟུག་པ་དང་བྱི་ལའི་ཁྲག་གཅིག་ཏུ་སྦྲུས་ལ། གཤིན་རྗེའི་སྦྱོར་བ་ལ་གནས་པས། གྲོང་གི་མིང་དང་བཅས་པར་ཡི་གེ
140a3 བཅུ་པའི་སྔགས་ཀྱིས་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་གྲོང་སྐྲོད་པར་འགྱུར་རོ། །ལས་དེ་རྣམས་ནི་ཤིན་དུ་ཡང་མཉམ་པར་བཞག་པས་བྱ་སྟེ། གཞན་དུ་ན་སྔགས་པ་རང་ཉིད
140a4 ལ་འབབ་པར་འགྱུར་རོ། །གཞན་གང་ལ་ཡང་མི་བསྟན་ནོ། །དེ་ནས་བུ་མོ་རེངས་པར་འདོད་ན། ཚེར་མ་དང་། དུག་དང་། སྐེ་ཚེ་དང་བཅས་པར་རང་གི་ཁྲག་གིས་སྦྲུས་ནས། ཡི་གེ་བཅུ་པའི་སྔགས་དང་བཅས་པར
140a5 གྱུར་ཅིག་ཅེས་དུར་ཁྲོད་ཀྱི་མེ་ལ་སྦྱིན་སྲེག་སྟོང་བྱས་ན་རེངས་པ་ལས་གཞན་མ་ཡིན་ནོ། །དེ་ནས་ཞི་བར་བྱ་བར་འདོད་ན་མར་དང་སྦྲང་རྩི་དང་འོ་མ་དང་དཱུར་བ་དང་བཅས་པར་པ་ལ་ཤའི་ཤིང་ལ་མེ་རབ་ཏུ་སྦར་ན་ཞི་བར
140a6 འདོད་པར་དམིགས་ནས་ཡུལ་གྱི་ཤར་ཕྱོགས་སུ་ཁ་བལྟས་ཏེ་གནས་པས་དུས་གསུམ་དུ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་དེས་ཡུལ་ཞི་བར་བྱས་པར་འགྱུར་རོ། །དེ་ནས་རྒྱས་པར་འདོད་ན་ཏིལ་དང་འབྲས་དང་ནས་དང་།
140a7 མར་དང་བཅས་པས་ཨུ་དུམ་ཝ་རའི་ཤིང་ལ་མེ་རབ་ཏུ་སྦར་ན་ལས་ཀྱི་རྗེས་སུ་འབྲང་བའི་ལྷའི་སྦྱོར་བ་དམིགས་ཏེ། ཁ་བྱང་དུ་བལྟས་ནས་མཉམ་པར་བཞག་པས་ཡི་གེ་བཅུ་པའི་སྔགས་ཀྱིས་དུས་གསུམ་དུ་སྦྱིན་སྲེག
140a8 སྟོང་བྱས་ན་རྒྱས་པར་འགྱུར་རོ། །དེ་ནས་དགུག་པར་འདོད་ན་སྐེ་ཚེས་གཟུགས་བརྙན་བྱས་ལ། དེ་ནས་སེང་ལྡེང་གི་མེའི་དབུས་སུ་གཤིན་རྗེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྲེགས་ན་མ་གྲུབ་པ་ཡང་འགྲུབ་པར་འགྱུར་རོ། །




iiif viewer powered by OpenSeadragon

139b - 140b

Texts on this page

J447 - dpal rdo rje 'jigs byed kyi chen po'i rgyud ces bya ba