| | e-texts navigator
|
40b1 འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་འབྱུང་བ་རྡོ་རྗེ་ཞེས་བྱ་བ་འདི་གསུངས
40b2 སོ། །རྡོ་རྗེའི་དཀྱིལ་འཁོར་ཚུལ་གྱིས་ནི། །དབུས་སུ་གཟུགས་ནི་རབ་བརྟག་བྱ། །ནག་པོ་ཤིན་དུ་རྣམ་འགྱུར་ཁྲོས། །མ་རུངས་ཞལ་ནི་རྣམ་པར་གདངས། །མེ་སྟག་འཐིབས་པོ་འབར་བ་སྟེ། །འཇིགས་པ་ཡང་ནི་འཇིགས
40b3 པར་བྱེད། །ཕྱག་བཞི་པ་སྟེ་རབ་འབད་པས། །དབང་པོ་གཉིས་ཀྱིས་རབ་སྦྱོར་ལས། །འདི་ནི་རྡོ་རྗེའི་ཚུལ་བརྟན་པའོ། །རྡོ་རྗེ་ཐུགས་སོགས་ཡང་དག་གྲུབ། །རབ་ཏུ་གནས་པས་དེ་བསྒྲུབ་བྱ། །འདོད་ཆགས་རྡོ་རྗེ
40b4 རབ་བསྐུལ་བས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །རྡོ་རྗེ་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ནོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཆོས་ཐམས་ཅད་འཆང་བའི་དམ་ཚིག་བྱིན་གྱིས་རློབ་པ་ཞེས
40b5 བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་འཆང་བའི་དཔལ་ཞེས་བྱ་བ་འདི་གསུངས་སོ། །ཆོས་ཀྱི་དཀྱིལ་འཁོར་སྦྱོར་བ་ལས། །དབུས་སུ་གཟུགས་ནི་རྣམ་བསྒོམ་བྱ། །དམར་པོ་འདོད་ཆགས
40b6 འཛིན་པ་འབར། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི། །ཕྱག་བཞི་པ་ལ་ཡིད་འོང་བར། །དབང་པོ་གཉིས་ཀྱི་རབ་སྦྱོར་བས། །དེ་ཡི་ཆོ་ག་བསྒོམ་པ་ནི། །འདི་ནི་འདོད་ཆགས་ཚུལ་བསྟན་པའོ། །གསུང་གི
40b7 རྡོ་རྗེ་གཙོ་དངོས་གྲུབ། །རྡོ་རྗེ་ཆོས་རབ་སྦྱོར་སོགས་ཀྱིས། །སྙིང་རྗེའི་བདག་ཉིད་ཅན་གྱིས་སྒྲུབ། །སྒོམ་པ་ཡང་ནི་མྱུར་འགྲུབ་བྱེད། །ཆོས་འཆང་བའི་དམ་ཚིག་གི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །དེ
40b8 ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དམ་ཚིག་གི་རྡོ་རྗེའི་རིགས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེའི་རིགས་ཀྱི་དམ་ཚིག་གི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་འདི་གསུངས་སོ། །འདོད་པའི
iiif viewer powered by OpenSeadragon
40a - 41a