| | e-texts navigator
|
212b1 བ་བདག་གིར་བྱ་བ་མང་བ་དང་། ནོར་དང་འབྲུ་དང་དབྱིག་དང་གསེར་དང་མཛོད་དང་བང་བའི་ཚོགས་མང་བ་དང་རྟ་དང་གླང་པོ་ཆེ་དང་བ་ལང་དང་ལུག་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་མང་བ་དང་བློན་པོ་དང་མཛའ
212b2 བཤེས་དང་གཉེན་དང་སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ། །དགེ་སློང་དག་གཞན་ཡང
212b3 གཟུགས་བཟང་པོ་དང་། བལྟ་ན་སྡུག་པ་དང་། མཛེས་པ་དང་མདོག་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟླུམ་པ་དང་ལག་པ་རིང་བ་དང་དཔྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་ཡན་ལག
212b4 དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་རྒྱན་ཐམས་ཅད་གྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་དག་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གསུམ་པ་ཡིན་ནོ། །དགེ་སློང
212b5 དག་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུ་འམ་ཆུང་མ་འམ། བྲན་ནམ་ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར
212b6 ཉན་པ་དང་། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས
212b7 ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་དང་ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང་ལྷའི་མདོག་དང་ལྷའི་སྟོབས་དང་ལྷའི་བདེ
212b8 བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་སྒྲ་དང་དྲི་དང་། རོ་དང་རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི
iiif viewer powered by OpenSeadragon
212a - 213a