e-texts navigator
Collection
Volume
Page
Wylie

305b1 བཟོད་ཅིང་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་ཡང་ལྡན་པར་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ལྟུང་བའི་རྩ་བ་ལྕི་བ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་ལྟུང་བའི་རྩ་བ་བྱུང་ན་ཕུང་པོ་དེ
305b2 ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང་ལྟུང་བ་མ་མཐོལ་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཡིད་ལ་བྱེད་པ་མ་བཏང་ན་སངས་རྒྱས་ཀྱི་སར་ཡོངས་སུ་མྱ་ངན་ལས་འདའ
305b3 བའི་སྐལ་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བསོད་སྙོམས་ཀྱི་ཕྱིར་མཐར་གྱིས་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ཁང་པ་ཞིག་ན
305b4 བུད་མེད་དང་ཁྲི་གཅིག་ལ་ལྷན་ཅིག་མཆིས་པར་མཐོང་སྟེ། ལྟུང་བ་བྱུང་བ་མཐོང་ན་མ་བཅབ་ཤིག་།ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ལ་ཟློས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དེ་བཞིན་གཤེགས་པ
305b5 ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཅུང་ཟད་ཀྱང་མི་མཁྱེན་པ་འམ། མ་གཟིགས་པ་འམ། ཐུགས་སུ་མ་ཆུད་པ་མ་མཆིས་པས་དེའི་སླད་དུ་བདག་བཅོམ་ལྡན་འདས་ལ་གསོལ་ལོ་ཞེས་ཚེ་དང་ལྡན
305b6 པ་དགའ་བོས་དེ་སྐད་ཀྱི་ཚིག་སྨྲས་ནས་རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལ་ས་གཡོས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ཤིང་ཏ་ལ་གང་ཙམ་དུ་སྟེང་གི་བར་སྣང་ལ་འདུག་ནས་ཚེ་དང་ལྡན་པ་དགའ་བོ་ལ་འདི
305b7 སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དགའ་བོ་དེ་ཇི་སྙམ་དུ་སེམས། ལྟུང་བ་བྱུང་བའི་ཆོས་ཅན་གྱིས་བར་སྣང་ལ་འདུག་པར་ནུས་སམ། ཡང་ཚེ་དང་ལྡན་པ་དགའ་བོ་བྱང་ཆུབ་སེམས་དཔའི་ལྟུང་བའི་ཆོས་ཇི་ལྟ་བུ་གྲགས་ཤེས་དེ་བཞིན
305b8 གཤེགས་པ་མངོན་སུམ་དུ་བཞུགས་པ་འདི་ལ་ཞུས་ཤིག་། དེ་ནས་ཚེ་དང་ལྡན་པ་དགའ་བོ་ཡུལ་ཡུལ་པོར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལྟུང་བ་འཆགས་པ་གང་བདག་གིས་སྐྱེས་བུ་བལ་གླང་ཆེན་པོ




iiif viewer powered by OpenSeadragon

305a - 306a

Texts on this page

J202(b) - 'phags pa thabs mkhas pa zhes bya ba theg pa chen po'i mdo