e-texts navigator
Collection
Volume
Page
Wylie

195a1 སྒོའི་མིང་དང་ལྡན་པའི་མཛོད་ཅེས་བྱ་བ་དང་། རྒྱུན་ཀྱི་རྒྱལ་པོའི་ལམ་གྱི་མཛོད་ཅེས་བྱ་བ་དང་། གཞུང་ལུགས་ལ་འཇུག་པའི་མཛོད་ཅེས་བྱ་བ་དང་། མིང་གི་གསང་ཚིག་གསུམ་གྱི་དཀོན་མཆོག་ལ་འཇུག་པའི
195a2 མཛོད་ཅེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་སྙིང་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷའི་བུ་ཡེ་ཤེས་ལ་དགའ་བ་ཞེས་བྱ་བས
195a3 བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །བཅོམ་ལྡན་སངས་རྒྱས་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་འགག་པ་མེད། །ཀྱེ་མ་སེམས་ཅན་སྨན་སླད་དུ། །ཆོས་རྣམས་སྣ་ཚོགས
195a4 སྟོན་པ་མཛད། །རྣམ་པར་ཐར་པའི་བསོད་ནམས་ཀྱི་མཛོད་ཀྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །། སྤྲིན་ཆེན་སྙིང་པོས་གསོལ་པ། སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི
195a5 ལམ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆར་གྱི་དུས་ཞེས་བྱ་བ་དང་། ཆར་གྱི་དྲ་བའི་རྒྱུན་རིན་པོ་ཆེའི་རེང་བུའི་རྒྱལ་པོ་ཞེས་བྱ་བ་དང་། ཆར་གྱི་དྲ
195a6 བའི་སྙིང་པོའི་ཕྱག་རྒྱའི་རྒྱལ་པོ་ཞེས་བྱ་བ་དང་། ཆར་གྱི་དྲི་མ་སེལ་བ་ཞེས་བྱ་བ་དང་། ཆར་གྱི་དྲ་བ་སྣ་ཚོགས་ཀྱི་ཆུའི་གདུག་པ་སེལ་བའི་རྒྱལ་པོ་ཞེས་བྱ་བ་དང་། ཆར་གྱི་དྲ་བ་བདེ་བསིལ་ངོམས་པར་བྱེད་པ་ཞེས་བྱ་བ་དང་། ཆར
195a7 སྣ་ཚོགས་ལ་དམིགས་པ་ཡང་དག་པའི་སྤྱོད་ཡུལ་གྱི་རྒྱལ་པོ་ཞེས་བྱ་བ་དང་། ཆར་སྣ་ཚོགས་ལ་ཡང་དག་པར་ལྟ་བ་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་དང་། ཆར་སྣ་ཚོགས་ཀྱི་བསོད་ནམས་ཀྱི་རྣམ་པའི་ཞིང་ལ་དབང་བྱེད་པ་ཞེས་བྱ
195a8 བ་དང་། ཆར་གྱི་དྲ་བ་བདེ་བསིལ་སྨན་གྱི་ཆར་འབེབས་ཀླུའི་རྒྱལ་པོ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །




iiif viewer powered by OpenSeadragon

194b - 195b

Texts on this page

J175 - 'phags pa sprin chen po zhes bya ba theg pa chen po'i mdo