| | e-texts navigator
|
65a1 དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སུ་དག་ཡོན་ཏན་རེ་བའི་སླད་དུ་བྱང་ཆུབ་ལ་འཇུག་ན་དེ་དག་ཐེག་པ་ཆེན་པོ་ལ་ཡང་དག
65a2 པར་ཞུགས་པ་མ་ལགས་པར་རིག་པར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་རེ་བར་བགྱི་བ་མ་མཆིས་པའི་སླད་དུ་ཆོས་ཐམས་ཅད་ནི་ཡོན་ཏན་དང་བྲལ་ཞིང་ཡོན་ཏན་མ་མཆིས་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས
65a3 ཀྱིས་ཡོན་ཏན་གྱི་སླད་དུ་འམ། ལེགས་པའི་སླད་དུ་བྱང་ཆུབ་ལ་འཇུག་པར་མི་བགྱིའོ། །གཞན་དུ་ན་སྙིང་རྗེ་ཆེན་པོའི་རྒྱུས་བདག་གི་སྡུག་བསྔལ་ལས་ཡོངསུ་མི་སྐྲག་པའི་སླད་དུ། དགེ་བའི་ཆོས་བསྐྱེད་པར་བགྱི་བའི་སླད་དུ།
65a4 ལྟ་བ་ལས་རྣམ་པར་ཐར་བར་བགྱི་བའི་སླད་དུ། ནད་ཐམས་ཅད་བསལ་བའི་སླད་དུ། ཡོངསུ་འཛིན་པ་གཏོང་བའི་སླད་དུ། མཛའ་བ་དང་མི་འཛའ་བ་ལ་མི་ལྟ་བའི་སླད་དུ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་པའི་སླད་དུ།
65a5 འདུས་བྱས་ལས་སྐྱོ་བའི་སླད་དུ། མྱ་ངན་ལས་འདས་པ་ལ་བདེ་བར་དགོད་པའི་སླད་དུ། དམ་པའི་ཆོས་ཡོངསུ་གཟུང་བའི་སླད་དུ། སེམས་ཅན་རྣམས་ཡོངསུ་སྨིན་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་རེ
65a6 བ་མ་མཆིས་པར་བགྱི་སྟེ་ཕ་རོལ་ལ་མི་རེ་བར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་བགྱིས་པ་དང་། མ་བགྱིས་པ་ལ་འགྱོད་པ་མ་མཆིས་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་།
65a7 སྡུག་བསྔལ་གྱིས་གནོད་པར་མི་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངསུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི
65a8 སྲིད་ནི་དགེ་བའི་རྩ་བ་ཡོངསུ་དག་པར་མི་སྨྲའོ། །བརྒྱ་བྱིན་དུ་འགྱུར་བ་འང་མ་ཡིན། ཚངས་པར་འགྱུར་བ་འང་མ་ཡིན་ཏེ། གང་ལ་སྐྱེ་བ་དང་སྐྱེ་གནས་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངསུ་དག་པའོ། །
iiif viewer powered by OpenSeadragon
64b - 65b