e-texts navigator
Collection
Volume
Page
Wylie

301b1 དེ་ནས་སྦོམ་དགའ་མོས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་ཕྱུག་པོ་ཞིག་གི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་པ་དང་། དེ་དག་གི་ལུས་ཀྱི་རྒྱན་གྱི་སྣོད་སྤྲོག་མ་དག་ཏུ་རྒྱན་རྣམས་བཞག་ནས།
301b2 སྐྲའི་བྱི་དོར་བྱེད་པ་ཡིན་པས་དེ་ནས་སྦོམ་དགའ་མོས་མགུལ་གདུབ་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་ལ་སོགས་པ་མཐོང་ནས་བླངས་ཏེ་ཐོགས་པ་དང་། བུད་མེད་དེ་དག་གིས་སྨྲས་པ། འཕགས་མ་འདི་ཅི་མཛད། དེས
301b3 འདི་སྐད་ཅེས་སྨྲས་སོ། །ཁོ་མོའི་ལུས་རྒྱན་གྱིས་མཛེས་སམ་ཅི་བལྟ་མོད། དེ་དག་གིས་སྨྲས་པ། མགོ་རེག་ཚུལ་གཞན་དུ་ཁས་བླངས་པ་ཁྱོད་ལ་མཛེས་སུ་ཅི་ཡོད་ཅེས་བུད་མེད་དེ་དག་དེ་ལྟར་ཁ་ཟེར་བར་བྱེད་པའི་སྐབས་དེ
301b4 དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པའི་རྒྱན་ཐོགས་ན་ལྟུང་བྱེད་དོ། །
301b5 ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འོ། །ཁྱིམ་པའི་རྒྱན་ཞེས་བྱ་བ་ནི་མགུལ་གདུབ་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་ལ་སོགས་པའོ། །ཐོགས་ན་ཞེས་བྱ་བ་ནི་རྒྱན་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ
301b6 བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་པའི་རྒྱན་ཐོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་བདུན་པའི་གཉིས་པ་རྫོགས་སྷོ།། །།
301b7 གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བཅུ་གཉིས་སྡེ་དག་མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དང་། ལག་པ་སྦྲེལ་ནས་འབབ་ཆུ་ཨ་ཛི་ར་བ་ཏིར་ལུས་ཁྲུས་བྱེད་པ་ན་དེ་དག་གཅིག་ལ
301b8 གཅིག་འཛུབ་མོས་འཛུགས་ཤིང་དེ་དག་དགའ་བར་བྱེད་དགའ་བར་བྱེད་དུ་འཇུག་། རྩེ་བར་བྱེད། རྩེར་འཇུག་པར་བྱེད་ཅིང་རྒོད་པ་དང་། འཕྱར་གཡེང་དང་། ལུས་ཀྱི་ཙབ་ཧྲལ་བྱེད་པ་ཉེ་བར་སྟོན་པར




iiif viewer powered by OpenSeadragon

301a - 302a

Texts on this page

J5 - dge slong ma'i 'dul ba rnam par 'byed pa