| | e-texts navigator
|
293a1 ཡི་རང་བར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཉམ་ཆུང་ངུ་ཞེས་བྱ་བ་ནི་ནད་པའོ། །སྲ་བརྐྱང་འབུལ་དུ་འཇུག་གམ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆོས་གོས་སོ། །རྗེས་སུ་ཡི་རང་བར་བྱེད་དུ
293a2 འཇུག་ན་ཞེས་བྱ་བ་ནི་སྐྱིན་པོ་ལེན་དུ་འཇུག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉམ་ཆུང་ངུ་ལ་སྲ་བརྐྱང་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་ན
293a3 ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་གཉིས་པའི་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་གནས་སུ་སྲ་བརྐྱང་བཏིང་བ་ལས་དགེ་སློང་མ་ཆོམ་རྐུན་པས་བཏོག་པ་རབ་ཏུ་མང་བ་དག་ལྷགས་ཏེ
293a4 དེ་དག་གིས་འདི་སྐད་ཅེས་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་སྲ་བརྐྱང་དབྱུང་བར་བྱའོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་སྟེ་སྲ་བརྐྱང་དབྱུང་བར་བྱའོ། །
293a5 བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམས་པ་བྱས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ་དེའི་འོག་ཏུ
293a6 དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། གནས་འདིར་དགེ་སློང་མ་ཆོམ་རྐུན་པས་བཏོགས་པ་རབ་ཏུ་མང་པོ་དག་མཆིས་ལགས་ན།
293a7 གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་ཆོམ་རྐུན་པས་བཏོགས་པ་རབ་ཏུ་མང་པོའི་སླད་དུ་སྲ་བརྐྱང་དབྱུང་བར
293a8 མཛད་དོ། །འདི་ནི་གསོལ་བའོ། །དེ་བཞིན་དུ་ལས་ཀྱང་རྒྱས་པར་བརྗོད་པར་བྱའོ། །དེ་ནས་སྦོམ་དགའ་མོ་སྲ་བརྐྱང་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་པ་ནས་དགེ་སློང་མ་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །
iiif viewer powered by OpenSeadragon
292b - 293b