e-texts navigator
Collection
Volume
Page
Wylie

162b1 རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ། །རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་ཀུན་དུ་སྦྱོར་བར་བྱེད་པ་ཡིན་ནོ། །ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་ཅེ་ན། གསེར་གྱི་རྙེད་པའི་ཟོང་གིས་བཅུ་ལས་བཅུ་གཅིག་ཏུ
162b2 བསྐྱེད་པའི་ཕྱིར་ཟོང་ལ་རབ་ཏུ་སྦྱོར་བར་བྱེད་ཅིང་དཔང་རྒྱའི་ཆེད་དུ་དེར་འགྲོ་བ་དང་། སྣག་ཚ་འམ། དཔང་པོ་འཚོལ་དུ་འགྲོ་བའོ། །ཇི་ཙམ་དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ། །བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི
162b3 རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ། །ཇི་ལྟར་བུན་འགྱེད་པར་བྱེད་ཅེ་ན། ནས་དང་གྲོ་གསར་ཐོག་གི་ཕྱིར་བུན་དགྱེ་པར་གཞལ་བའི་སྣོད་ཀྱིས་གྲོ་དང་ནས་སྐྱེད་དུ་གཏོང་བ་སྟེ། དེར་དེ་དག་གཞལ་བའི་སྣོད་དང་། བྲེའུ་ཆུང་དང་། ཕུལ་དང་།
162b4 འཇལ་བ་དང་། མི་དག་དོན་དུ་གཉེར་བར་འགྲོ་བ་ཡིན་ཏེ། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ། །བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་བུན་འགྱེད་པར་བྱེད་པ་ཡིན་ནོ། །ཇི་ལྟར་སྐྱེད་འགྱེད་པར་བྱེད་ཅེ་ན།
162b5 དེ་དག་མུ་ཏིག་གི་སྐྱེད་ཉིད་ཀྱིས་སྐྱེད་འགྱེད་པར་བྱེད། གསེར་གྱི་སྐྱེད་ཉིད་ཀྱིས་སྐྱེད་འགྱེད་པར་བྱེད་པ་ཡིན། དེར་དེ་དག་གྲོ་བ་དང་། སྣག་ཙ་དང་། དཔང་པོ་དོན་དུ་གཉེར་བར་བྱེད་པ་ཡིན་ཏེ། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས
162b6 བྱས་སོ། །བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་སྐྱེད་འགྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་བསླབ་པའི་གཞི་བཅས་པ་དང་། མཆོད་རྟེན་གྱི་དང་། དགེ་འདུན་གྱི་མི་ཟད་པར་བྱ་བ་དེ་དག་རབ་ཏུ་སྦྱོར་བར་མི་བྱེད་ནས
162b7 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་སྦྱར་བར་བྱའོ། །དེ་དག་གིས་སུ་ཡང་རུང་བ་དག་ལ་བཏང་བ་དང་། བཏང་བ་དེ་དག་འཁྱམས་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀྲེན་པ་ལ་ཡང་ནོར
162b8 མི་གཏང་། །མཐའ་ཁོབ་གནས་ལ་འང་མ་ཡིན་ཞིང་། །གཏུམ་པོ་སྡིག་པའི་ལས་ཅན་དང་། །མཐུ་ཅན་ལ་ཡང་ནམ་ཡང་མིན། །སྤང་བའི་ལྟུང་བྱེད་བཅུ་གཅིག་པ་རྫོགས་སྷོ།། །།




iiif viewer powered by OpenSeadragon

162a - 163a

Texts on this page

J5 - dge slong ma'i 'dul ba rnam par 'byed pa