e-texts navigator
Collection
Volume
Page
Wylie

39a1 འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་འདི་ལྟ་སྟེ། མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང
39a2 བཟངས་ཀྱི་གཞིར་གཏོགས་པ་ན་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བཅས་པའི་ཟས་ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་སྐྱུར་བ་དང་། ཧ་ཅང་ལན་ཚྭ་མི་ཆེ་བ་དང་། ཧ་ཅང་མི་མངར་བ་དང་། ཧ་ཅང་མི་ཚ
39a3 བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་རྣམ་པར་སྤངས་པའི་ཟས་དག་དང་། དོ་ཤལ་དང་། སེ་མོ་དོ་དང་། རྒྱན་གྱིས་ཀླུབས་པའི་ལུས་ལྷའི་བུ་མོ་དགའ་བའི་ཚལ་ན
39a4 རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱི་ས་གཞིར་མི་འབབ་པ་དང་། དེས་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་འཛུད་དོ། །དེ་ཟླ་བ་བརྒྱད་དམ། དགུ་འདས
39a5 ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ
39a6 ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་འི་མིང་ཅིར་གདགས་ཤེས་མིང་འདོགས་པར་བྱེད་དོ། །ཡུལ་དབུས་ན་གང་གཟུགས་བཟང་བ། ལྟ་ན
39a7 སྡུག་པ། མཛེས་པ་དེ་ལ་མཛེས་པ་ཞེས་བྱའོ། །ཞེས་ཀུན་དུ་སྤྱོད་པས་དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་ཁྱེའུ་འདི་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་ཡིན་ལ། དེ་དེད་དཔོན་དགའ་བོའི་བུ་ཡིན་པ་དེའི་ཕྱིར་ཁྱེའུ་འི
39a8 མིང་མཛེས་དགའ་ཞེས་བྱའོ། །ཞེས་དེའི་མིང་མཛེས་དགའ་ཞེས་བྱ་བར་བཏགས་སོ། །ཁྱེའུ་མཛེས་དགའ་མ་མ་བརྒྱད་པོ། པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་།




iiif viewer powered by OpenSeadragon

38b - 39b

Texts on this page

J3 - 'dul ba rnam par 'byed pa