e-texts navigator
Collection
Volume
Page
Wylie

33b1 རྐུ་ཐབས་སུ་གནས་པ་འམ། ཐ་དད་པར་གནས་པ་འམ། གནས་པར་མི་བྱ་བར་གཟུང་དུ་གསོལ་ཞེ་འམ། ཐ་ན་འདི་སྐད་ཅེས་བདག་ཁྱེད་ཅག་ལྟ་བུ་ཆོས་འཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཀྱང་ཟེར་ན་བསླབ་པ་ཕུལ
33b2 བར་བརྗོད་པར་བྱ་སྟེ། དེ་ལྟར་ན་བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་པ་ཡང་ཡིན་ནོ། །ཇི་ལྟར་ན་བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པ་སྟེ། དེས་ན་བསླབ་པ
33b3 ཉམས་པར་མ་བྱས་པར་ཞེས་གསུངས་སོ། །མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས་སྤྲོད་པའོ། །འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་འཁྲིག་པ་ཡང་ཡིན་ནོ། །ཆོས་ཤེས་བྱ་བ་ནི་ཆོས་མ་ཡིན་པ་དེ
33b4 ཆོས་ཀྱི་སྒྲར་གསུངས་པའོ། །བརྟེན་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་ནའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་། ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་སྤྲ་མོ་འམ། སྤྲ་མོ་དང་འདྲ་བར་གཏོགས་པ་དང་ངོ་། །དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ
33b5 སློང་གི་དངོས་པོ་ཡོད་པ་གང་ཡིན་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པ་གང་ཡིན་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ
33b6 ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་གང་ཡིན་པ་དང་། གང་ཟག་དེའི་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི་ཟློག་པ་དང་། ཕྱིར་མི་འགོག་པ་ཉིད་དང་ངག་དང་། ཚིག་དང་།
33b7 ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པའོ། །དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་དེའོ། །
33b8 ཕམ་པར་གྱུར་པ་ཡིན་གྱིས་ཞེས་བྱ་བ་ནི་དེ་མཐར་གྱུར་པ་དང་། ལྟུང་བ་དང་། དམན་པ་དང་། མཇུག་ན་འདུག་པ་དང་། ཐ་ཆད་དང་། ཡིད་དང་མི་མཐུན་པ་ཡིན་པའོ། །ཡང་གང་གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར།




iiif viewer powered by OpenSeadragon

33a - 34a

Texts on this page

J3 - 'dul ba rnam par 'byed pa