e-texts navigator
Collection
Volume
Page
Wylie

33a1 ཇི་ལྟར་ན་བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ཡང་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་མི་འདོད་པ་འམ། དགེ་སྦྱོང་གི་ཚུལ་གྱིས
33a2 སྒྱིད་ལུག་པ་འམ། མུས་བྱུང་བ་འམ། ཐེ་ཚོམ་ཟ་བ་འམ། སྨོད་པ་འམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པ་དང་དགེ་སློང་གི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་མཁྱེན་པར་མཛོད་ཅིག་།ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ
33a3 དབེན་པར་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཕ་མ་དང་། ཕུ་ནུ་དང་། བུ་སྲིང
33a4 དག་དྲན་ནོ། །བདག་བཟོ་དག་སློབ་ཏུ་ཆུག་ཤིག་།བདག་གིས་ལས་ཀྱི་མཐའ་དག་ཚོལ་ཅིག་།བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་དེ་ལྟར་དེ་ལ་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་པར་གྱུར་ཅིང་དགེ་སྦྱོང་གི་ཚུལ
33a5 མི་འདོད་པ་འམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པ་འམ། མུས་བྱུང་བ་འམ། ཐེ་ཚོམ་ཟ་བ་འམ། སྨོད་པ་འམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པའི་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་།
33a6 ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པ་དག་ཀྱང་རྗོད་པར་བྱེད་ལ། འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བསླབ་པ་འབུལ་ལོ
33a7 ཞེ་འམ། སངས་རྒྱས་དང་། ཆོས་དང་། དགེ་འདུན་འབུལ་ལོ་ཞེ་འམ། མདོ་སྡེ་དང་། འདུལ་བ་དང་། མ་མོ་འབུལ་ལོ་ཞེ་འམ། མཁན་པོ་དང་། སློབ་དཔོན་འབུལ་ལོ་ཞེ་འམ། བདག་ཁྱིམ་པ་འམ། དགེ་ཚུལ་ལམ་ཟ་མ་འམ། མ་ནིང་ངམ་དགེ་སློང
33a8 མ་སུན་ཕྱུང་བ་འམ། མ་བསད་པ་འམ། ཕ་བསད་པ་འམ་དགྲ་བཅོམ་པ་བསད་པ་འམ་དགེ་འདུན་གྱི་དབྱེན་བྱས་པ་འམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་འམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པ་འམ།




iiif viewer powered by OpenSeadragon

32b - 33b

Texts on this page

J3 - 'dul ba rnam par 'byed pa