e-texts navigator
Collection
Volume
Page
Wylie

24b1 བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མ་ལ་ཀ་ལན་ད་ཀའི་བུ་བཟང་བྱིན་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་པར་གྱུར་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ། དགེ་སྦྱོང་གི་ཚུལ
24b2 གྱིས་སྒྱིད་ལུག་པ་འམ། མུས་བྱུང་བ་འམ། ཐེ་ཚོམ་ཟ་འམ། སྨོད་པ་འམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པ་འམ། ཅིག་ཏུ་མ་གྱུར་གྲང་སྙམ་དུ་སེམས་ཤིང་རིག་ནས་ཀ་ལན་ད་ཀའི་གྲོང་ནས་བྱུང་སྟེ། ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ
24b3 བཟང་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀ་ལན་དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །བུ་བཟང་བྱིན་གལ་ཏེ་ཁྱོད་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར
24b4 བ་འམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པ་འམ། མུས་བྱུང་བ་འམ། ཐེ་ཚོམ་ཟ་བ་འམ། སྨོད་པ་འམ། ཁྱོད་དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པ་ལྟ་ན། བུ་བཟང་བྱིན་བུད་མེད་རྣམས་ཀྱི་བུད་མེད་ནོར་ཞེས་བྱ་བ་འམ། བུད་མེད
24b5 ཀྱི་བག་རྫངས་ཞེས་བྱ་བ་འམ། བུད་མེད་དབང་བའི་རྫས་ཤེས་བྱ་བ་གང་ཡིན་པ་དེ་ནི་ཁྱོད་ཀྱི་མའི་དབྱིག་དང་། གསེར་གྱི་ཕུང་པོ་ཆེན་པོ་གང་ལ་མཐའ་གཅིག་ན་འགྲེང་བའི་མིས་མཐའ་གཅིག་ན་འདུག་པའི་མི་མི་མཐོང་ལ། མཐའ་ཅིག
24b6 ན་འདུག་པའི་མིས་མཐའ་གཅིག་ན་འགྲེང་བའི་མི་མི་མཐོང་བ་ཡིན་ཏེ། འདི་ནི་ཁྱོད་ཀྱི་མའི་ཡིན་ནོ། །གཞན་ཡང་ཁྱེད་ཀྱི་ཕའི་དབྱིག་དང་། གསེར་མཚན་མ་བཏབ་པ་ཡང་བརྒྱ་ཕྲག་དུ་མ་དང་། སྟོང་ཕྲག་དུ་མ་དང་། བརྒྱ་སྟོང
24b7 ཕྲག་དུ་མ་དག་ཡོད་ན་གཞན་དང་ཕལ་ལྟ་སྨོས་ཀྱང་ཅི་དགོས། བུ་བཟང་བྱིན་ཚུར་ཤོག་།ཁྱོད་འདུག་ལ་འདོད་པ་ལ་ཡང་ལོངས་སྤྱོད་ཅིག་།སྦྱིན་པ་དག་ཀྱང་བྱིན་ཅིག་།བསོད་ནམས་དག་ཀྱང་གྱིས་ཤིག་།དེ་སྐད་ཅེས་སྨྲས་པ་དང་།
24b8 ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་བདག་ནི་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འཚལ་ཞིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད




iiif viewer powered by OpenSeadragon

24a - 25a

Texts on this page

J3 - 'dul ba rnam par 'byed pa