e-texts navigator
Collection
Volume
Page
Wylie

151a1 ཏིང་འཛིན་དང་། །གསང་བ་བྲིས་པར་གང་སྣང་བ། །རིག་པའི་ཁྱད་པར་སྣང་བ་ཡིན། །རྩ་བ་དང་ནི་རྒྱན་ཞེས་དང་། །ལྷ་ཡི་ཡི་གེ་མངོན་སྣང་བས། །རང་བཞིན་སྐུ་གསུང་ཐུགས་ཉིད་དེ། །ཁྱབ་པའི་ཚུལ་གྱིས་མ་ལུས་སྣང་། །གང་དུ་ཐུགས་རྗེ་བྱིན
151a2 བརླབས་དང་། །ཏིང་འཛིན་རིག་པའི་ཆོ་འཕྲུལ་ཏེ། །རང་རང་ཁྱད་པར་མངོན་སྣང་ཡིན། །འདི་དག་རང་བཞིན་སྣ་ཚོགས་པ། །གང་དུ་ཇི་ལྟར་གནས་པ་ཀུན། །ཡི་གེར་མ་གྱུར་མེད་པར་གནས། །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རྒྱ་མཚོའི་གསང་བའི་ཐུགས། །
151a3 མཐར་ཐུག་མེད་པའི་ནམ་མཁའ་བཞིན། །ཟག་མེད་རྒྱས་པས་ཀུན་ཁྱབ་ཅན། །ཤེས་བྱའི་དཀྱིལ་འཁོར་མཐའ་ཡས་པ། །གཅིག་དང་དུ་མ་མེད་ཚུལ་གྱིས། །ཡེ་ཤེས་མ་བསྒྲིབས་གསལ་བ་ཡིས། །ནམ་མཁའ་དབྱིངས་ལྟར་གསལ་མཁྱེན་པ། །དུས་གསུམ་ཆོས་དང
151a4 འགྲོ་བ་དང་། །ཞིང་ཁམས་རྒྱལ་བ་དཔག་མེད་དང་། །རི་དང་རྒྱ་མཚོ་རྡུལ་བཅས་པ། །སྔ་ཕྱི་མ་བསྒྲིབས་ད་ལྟ་ཉིད། །མེ་ལོང་ལྟ་བུར་མངོན་དུ་སྣང་། །དཔལ་ལྡན་ནམ་མཁའི་དཀྱིལ་འཁོར་དུ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱད་ཅན། །ཀུན་མཁྱེན་སྟོབས་བཅུ་མཐའ་ཐུག
151a5 མེད། །ནམ་མཁའི་དབང་ཕྱུག་བདེ་ཆེན་པོ། །མངོན་ཤེས་རྒྱ་མཚོ་ཕ་རོལ་བྱོན། །ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཀུན། །སད་དང་སངས་པའི་བདག་ཉིད་ཅན། །ཐོག་མ་ཐ་མ་མེད་པའི་བདག་།བདེ་བ་ཆེན་པོ་སྒྱུ་མ་ཉིད། །རང་འབྱུང་ཐུགས་ལས་གཞན་པ་མིན། །འདི་ནི
151a6 རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །གདུལ་བྱ་གང་གི་ངོ་དག་ཏུ། །སྣ་ཚོགས་མངོན་པར་འཕྲུལ་པ་ཡིན། །གང་དུ་ཁྲོ་གཏུམ་གདུག་ལྡན་པའི། །སྲིད་གསུམ་དྲེགས་པའི་བདག་པོ་དག་།ཐུགས་རྗེ་ཁྲོས་པས་གདུལ་བའི་ཕྱིར། །ཁྲོ་བོའི་དེ་བཞིན
151a7 གཤེགས་པར་མཛད། །སྐུ་ནི་རི་རབ་ལྟ་བུ་ཉིད། །ཞབས་དང་ཕྱག་ནི་རྡུལ་སྙེད་དེ། །གང་དེ་གདུལ་བའི་ཁྱད་པར་གྱིས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་དང་། །དབུ་དགུ་བརྒྱད་ཕྱག་ལ་སོགས། །ཉི་ཤུ་རྩ་གཅིག་དབུ་ལ་སོགས། །དེ་བཞིན་གཡོ་རྡུལ་མི་གཡོ་བའི། །




iiif viewer powered by OpenSeadragon

150b - 151b

Texts on this page

D833 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud