e-texts navigator
Collection
Volume
Page
Wylie

148b1 མ། །རྡོལ་མ་ཉོ་ཚོང་མ་ཉིད་དང་། །མ་དང་སྒྱུག་མོ་སྲིང་མོ་དང་། །མཐར་སྒེག་ལུས་འཚོང་མ་ལ་སོགས། །དངོས་གྲུབ་སྐྱེ་བའི་ཞིང་དུ་བཤད། །བཅུ་གཉིས་བཅུ་བཞི་བཅུ་དྲུག་དང་། །བརྒྱད་བཅུད་ལྡན་རབ་ཡིན་ཏེ། །ཉི་ཤུ་ལ་སོགས་འབྲིང་དུ་བཤད། །རྩ་ལྔ་ཐ་མའི
148b2 ཚད་ཡིན་ཏེ། །གཞན་ལ་དངོས་གྲུབ་མེད་པར་གསུངས། །ལས་དང་བྱ་བ་མ་ལུས་པ། །ཆོ་གའི་སྦྱོར་བ་རབ་ཏུ་བརྩམ། །གནས་པ་འབྱུང་བའི་བཅུད་བཞི་ལ། །འབྱུང་བཞི་གསལ་རྐྱེན་གང་ཕྲད་པས། །ཉི་ཟླ་འདྲེས་པའི་གར་ཐབས་ལས། །ལྷན་ཅིག་སྐྱེས་པ་གསུམ་གཅིག
148b3 ལས། །ཉམས་སུ་ཡེ་ཤེས་ལྔ་ཤར་བ། །མ་ལུས་བདེ་བ་ཆེན་པོར་འགྱུར། །གནས་བཞི་རྩ་བཅུད་ཐིག་ལེ་ལེ་ལས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཕྱག་རྒྱ་བཞིར་ལྡན་མཉམ་སྦྱོར་བས། །དངས་སྙིགས་རླུང་གིས་ངོས་བཟུང་ནས། །དངོས་པོ་ལྷན་ཅིག་སྐྱེས་པ་དག་།
148b4 བདག་པོ་གདུང་ཅན་སྦྱར་བ་ཡི། །འཕྲོ་འདུ་བཏང་དང་བཟུང་བ་དང་། །བཟློག་པས་ཉི་ཟླ་དབྱེར་མེད་མྱོང་། །དང་པོ་འཇིག་པ་ལ་སོགས་ནས། །རྡོ་རྗེ་འཆང་ཆེན་གསང་བདག་པར། །ལམ་ལྔ་སེམས་ལྔ་མཐར་ཕྱིན་པས། །སྟོབས་ཀྱི་ཁྱད་པར་གསལ་བར་འགྱུར། །ཐབས་དང་ཤེས
148b5 རབ་གཉིས་མེད་པའི། །འོག་མིན་ནམ་མཁའི་ཤར་སྒོ་ནས། །ཉི་ཟླ་དུས་གཅིག་ཤར་བ་ལ། །དུས་ཚོད་གཟའ་ཡིས་གང་བཟུང་བ། །ཉིན་མཚན་མེད་པའི་ཡེ་ཤེས་ཉིད། །འཕེན་པ་རླུང་གི་སྦྱོར་བས་འབྱུང་། །རྣལ་འབྱོར་རིག་པར་སྣང་བ་ཡི། །ཁྱབ་པ་ནམ་མཁའི་འཇིག་རྟེན་ན། །
148b6 བདེ་ཆེན་མཛེས་པའི་མེ་ཏོག་ལ། །བཅུད་ཀྱི་ཁྱད་པར་གང་གནས་པ། །ཐབས་དང་ཤེས་རབ་འབྲེལ་བ་ཡི། །ཤེལ་དང་བྱུ་རུའི་བུང་བསྡུས་ནས། །རྣལ་འབྱོར་བཅུད་ཀྱིས་རྒྱས་འགྱུར་ནས། །བཅུ་གསུམ་ས་ལ་ལྷུན་གྱིས་གྲུབ། །འཁྱུད་པའི་གར་ཐབས་ལས་བྱུང་བའི། །
148b7 བདེ་བ་ཆེན་པོ་མི་རྟོག་པ། །སྐད་ཅིག་ཆ་ལས་བྱུང་བ་ཡི། །ཟག་མེད་ཡེ་ཤེས་སྙིང་པོ་སྟེ། །མ་ལུས་དངས་མའི་བློ་སྣང་བ། །ཞེན་བྲལ་སྟོང་རྟོག་མི་གནས་པ། །དངོས་པོ་ལྷན་ཅིག་སྐྱེས་པ་སྟེ། །མ་ལུས་ཁྱབ་པར་གནས་པ་ཡིན། །འདུ་ཤེས་ཟད་པའི་རང་བཞིན་ཏེ། །




iiif viewer powered by OpenSeadragon

148a - 149a

Texts on this page

D833 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud