| | e-texts navigator
|
80b1 དངོས་གཞི་དྲི་ཞིམ་པོས་བཀྲུས་ལ་ཐོད་པའི་སྤྱི་བོར་དྲི་ཞིམ་པོ་དང་ཡུངས་ཀར་གྱིས་བཀྲུ་བར་བྱའོ། །དཀྱིལ་འཁོར་གྲུ་བཞི་པར་ཆུས་བཀང་བའི་བུམ་པ་བཞི་གྲཝ་བཞིར་གཞག་པར་བྱའོ། །གཏོར་མས་བཀང་བའི་སྣོད་བཞི་ཡང་བཞག་ནས། མེ་ཏོག་གིས་གཏོར་ཞིང་ཚོན་སྣ
80b2 ལྔས་བྲི། དེ་ནས་རལ་གྲི་བཞི་བཞག་སྟེ། ཁམ་ཕོར་བཞི་དང་། མེ་ཏོག་དང་། འབྲས་བུ་དང་། གཏོར་མ་དང་། ཚོན་སྣ་ལྔའི་བ་དན་གྱིས་དཀྱིལ་འཁོར་བརྒྱན་ཅིང་ཐོད་པ་ལ་ཡང་ལན་བདུན་བཟླས་ཏེ། ཐོད་པ་གསུམ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་གུ་གུལ
80b3 གྱིས་བདུག་ཅིང་སྔགས་རྗེས་སུ་དྲན་པར་བྱས་ནས་སེང་ལྡེང་གི་ཕུར་བུས་ལན་གསུམ་བརྡེགས་ན་ཐོད་པ་འབར་བར་གྱུར་ནས་ཆུ་གཏོར་བར་འགྱུར་རོ། །དེས་ཇི་ལྟར་མེ་ལོང་ལ་སྣང་བ་དེ་བཞིན་དུ་ཐོད་པ་ལ་སྣང་བར་འགྱུར་རོ། །གར་མཁན་གྱི་གཞལ་མེད་ཁང་དང་། འཁོར་དང་ཁང་པ
80b4 དང་། གནས་སུ་བཅས་པའི་སྤྱི་བོ་རྣམས་མཐོང་སྟེ། དེ་དང་ལྷན་ཅིག་ཏུ་སྨྲ་ཞིང་མཆོག་ཀུན་ཡང་སྦྱིན་པར་བྱེད་དོ། །འགྲོ་བ་དང་འོང་བ་ཡང་མཐོང་སྟེ། བུད་མེད་དང་སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ལ་སོགས་པ་མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་ལ་དབང་ཟ
80b5 བ་དང་། བྱིས་པ་མི་ཤེས་པ་རྣམས་ཀྱིས་མི་མཐོང་ངོ་། །སྔགས་སྒྲུབ་ཀྱང་དེ་དག་གིས་མི་འགྲུབ་བོ། །འདི་ལྟར་མེ་ལོང་དང་། ཐོད་པ་དང་། ཐོ་བ་དང་། དེ་དག་ལ་དབབ་པ་ནི་མཆོག་ཏུ་བཟླས་པས་འགྲུབ་པར་འགྱུར་རོ། །དུར་ཁྲོད་དུ་ཞུགས་ནས་ཡུངས་ཀར་ལ་བཟླས་ཏེ
80b6 གུ་གུལ་གྱིས་བདུགས་ན་ཡུངས་ཀར་གྱིས་རི་མོ་ལ་བརྡེགས་ན་རོ་ལངས་ཏེ་སྤྱི་གཙུག་སྔགས་འདིས་བཅིང་བར་བྱའོ། །གཏོང་བ་ནི་སེ་གོལ་ལན་བདུན་གཏོགས་ནས་ཡིད་ཀྱིས་བསམས་པས་འགྲོ་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གང་དྲིས་པ་དེ་ཡང་སྨྲའོ། །ཡུངས་ཀར
80b7 ལ་ཡོངས་སུ་བསྔགས་ཏེ་གཏོར་ན་གང་ལ་བྱ་བས་གཏོར་བྱས་ཐམས་ཅད་འབབ་པར་འགྱུར་རོ། །རྒྱལ་པོའི་སྒོར་བཏབ་ན་རྒྱལ་པོ་དང་རྒྱལ་པོའི་འཁོར་དུ་བཅས་པ་དབང་དུ་འགྱུར་རོ། །ནམ་ཡང་དགོས་པའི་བདག་ལ་འདོད་པའི་སྟོང་ཕྲག་བརྒྱད་ཀྱང་སྟེར་བར་འགྱུར་རོ། །
iiif viewer powered by OpenSeadragon
80a - 81a