e-texts navigator
Collection
Volume
Page
Wylie

30a1 ཕུར་བུ་དེ་དག་ཀྱང་སྙིང་གར་ནུབ་པར་གཟུགས་སོ། །སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ཤར་ཕྱོགས་སུ་ཀླུ་མགོ་བདུན་པ་གཞག་པར་བྱའོ། །ནུབ་ཕྱོགས་སུ་མགོ་བརྒྱད་པའོ། །ལྷོ་ཕྱོགས་སུ་མགོ་ལྔ་པའོ། །བྱང་ཕྱོགས་སུ་མགོ་གསུམ
30a2 པའོ། །དཀྱིལ་འཁོར་གྱི་དབུས་སུ་མགོ་དགུ་པ་གཞག་པར་བྱའོ། །པོག་ཕོར་རེ་རེ་སྟེ་ལྔ་གཞག་པར་བྱའོ། །ཡུངས་ཀར་དང་། བྲ་ཡོས་སུ་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ། ཕྱོགས་བཞིར་གཏོར་རོ། །གཟུངས་འདི་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ
30a3 ལ་བཏགས་ཏེ་དཀྱིལ་འཁོར་གྱི་གྲཝ་བཞིར་གཟུགས་སོ། །ཞིང་གི་དབུས་སུ་ཡང་གཟུགས་སོ། །སྐྱེད་མོས་ཚལ་གྱི་དབུས་སུ་ཡང་གཟུགས་སོ། །དེ་བཙུགས་མ་ཐག་ཏུ་ཕྱོགས་བཞི་ཀུན་ནས་རི་སུལ་ཆེན་པོས་མཚམས་བཅད་པར་འགྱུར་རོ། །ཇི་སྲིད་དུ་ཕུར་བུ་མ་ཕྱུང་བ
30a4 དེ་སྲིད་དུ་མཚམས་བཅད་པ་ཆེན་པོར་འགྱུར་རོ། །ལོ་ཏོག་ཐམས་ཅད་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལེགས་པར་བསྲུངས་པར་འགྱུར་རོ། །ཐ་ན་འདབ་མ་གཅིག་ཀྱང་སྐམས་པར་མི་འགྱུར་ན། ཡལ་ག་དང་། སྡོང་བུ་སྐམས་པར་འགྱུར་བ་ལྟ་ཅི
30a5 སྨོས། སྲོག་ཆགས་ཀྱི་རིགས་དང་བྱ་ཐམས་ཅད་ཀྱང་ཁ་བཅིངས་པར་འགྱུར་རོ། །མ་རུངས་པར་བྱེད་ཀྱང་མི་ནུས་སོ། །གནས་དེར་རླུང་དང་། སྤྲིན་དང་། སེར་བ་དང་། སད་དང་། དུས་མ་ཡིན་པའི་རླུང་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། །ཀླུའི་གནོད
30a6 པ་བྱས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། །མ་རུངས་པ་ཞིག་ཏུ་གྱུར་ན་དེ་ཡང་སླར་རྟས་པར་འགྱུར་རོ། །ཡང་སྟོབས་དང་། རྟས་པ་དང་། འོད་ཡོད་པར་འགྱུར་རོ། །བུམ་པ་ཆེན་པོ་ནང་ན་ཡོད་པ་དེ་ཡང་ཞིང་དང་ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་གྱི་ཕྱོགས་བཞི
30a7 ཀུན་དུ་གཏོར་བ་བྱས་ན་སྲོག་ཆགས་ཐམས་ཅད་མེད་པར་འགྱུར་རོ། །སྦྲུལ་དང་། བྱི་བ་དང་། ནེའུ་ལེ་དང་། བྱི་དུར་དང་། དོམ་དང་། སྦལ་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། བྱི་བ་དང་། འདབ་ཆགས་རྣམས་མེད་པར་འགྱུར་རོ། །གྲོག་སྦུར་ཐམས




iiif viewer powered by OpenSeadragon

29b - 30b

Texts on this page

D759 - rdo rje mchu zhes bya ba klu'i dam tshig go