| | e-texts navigator
|
26b1 དང་འབྲེལ་བ་སྤང་། །ཐལ་བ་ཆུ་དང་ཡུངས་ཀར་ལ། །སྔགས་ཀྱི་ཕྲེང་བ་བཟླས་བྱས་ཏེ། །སྤྲིན་ལ་སོགས་པ་འཁྲུགས་པའི་ཚེ། །གཏོར་བ་ཙམ་གྱིས་འཆད་པར་འགྱུར། །འབྲུ་མར་ཡུངས་ཀར་སེར་པོ་ལ། །སྔགས་ནས་ལུས་ལ་བྱུགས་ཙམ་གྱིས། །ཕྲན་ཚེགས་ནད་རྣམས
26b2 ཐམས་ཅད་ལས། །མ་ཧེ་ཤིན་ཏུ་བརྟན་པར་བྱེད། །འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འཁྲུལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྦྱིན་སྲེག་ཐབ་ཀྱི་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་མྱུར་བྱེད་དེ། །སྣ་ཚོགས་ལྷ་མོས་མཉན་པར
26b3 བྱོས། །སེར་སྣ་སྤངས་ཤིང་གཡོ་སྒྱུ་མེད། །དུལ་ལ་དཔའ་བརྟུལ་བཟོད་པ་ཆེ། །མཁས་ཤིང་རིག་པ་བརྩོན་འགྲུས་བཟང་། །སྔགས་ལ་མཁས་པས་སྦྱིན་སྲེག་བརྩམ། །ཐབ་ནི་ཉི་ཤུ་སོར་ཚད་ལ། །ཕྱེད་བརྐོས་ཁ་ཕྱིར་རྡོ་རྗེ་ནི། །རྩེ་གསུམ་དུར་ཁྲོད་ཚོན་གྱིས་བྲི། །
26b4 ཕྱི་རོལ་ཕྱག་རྒྱ་རྣམ་བཀོད་ནས། །དྲི་ཞིམ་མེ་ཏོག་གཅལ་དུ་བཀྲམ། །དེར་ནི་མཆོད་ཅིང་བསྲེག་པའི་རྫས། །ཚོགས་ནས་རྫས་རྣམས་བསང་གཏོར་བྱ། །བོང་བུ་རྔ་མོའི་རིལ་མ་དང་། །གསལ་ཤིང་ཆེར་བཅས་ཤིང་ལ་མེ། །ས་བོན་ལས་སྐྱེས་སྤར་བར་བྱ། །དེར་ནི་རྡོ་རྗེ
26b5 ལུ་གུ་རྒྱུད། །བསྐྱེད་པའི་ཆོ་ག་རྫོགས་བྱས་ནས། །མཆོད་ཅིང་བསྟོད་ནས་དེར་རྗེས་སུ། །སྐེ་ཚེ་ཡུངས་ཀར་བཙན་དུག་དང་། །རུས་ཕྱེ་ཤ་ཆེན་ཏིལ་ནག་པོ། །དང་བཅས་སྦྱིན་སྲེག་སྟོང་ཕྲག་གཅིག་།ཕྲེང་བའི་སྔགས་ཀྱིས་སྦྱོར་བར་བྱ། །ཐོག་མ་ཐ་མར་མར་ཆེན
26b6 དང་། །ཏིལ་མར་བརྒྱ་ཕྲག་རེ་རེ་སྦྱིན། །སྦྱོར་བཅས་སྦྱིན་སྲེག་རྫོགས་པ་དང་། །ཞག་བདུན་གྱིས་ནི་བསྒྲུབ་བྱ་དེ། །ཤི་བར་འགྱུར་ལ་ཐེ་ཚོམ་མེད། །གླང་ཤ་སྦལ་ཤ་པྲི་ཡང་ཀུ། །སྦྱིན་སྲེག་སྟོང་གིས་བསྒྲུབ་བྱ་ཞིང་། །བ་བླ་ལྡོང་རོས་རུ་རྟ་དང་། །ལིང་ག་གླང་པོ་བསེ་ཤར
26b7 བཅས། །སེར་པོར་བྱས་ལ་སྟོང་ཕྲག་ནི། །གཅིག་གིས་འཕྲལ་དུ་རེངས་པར་བྱེད། །སྦྲུལ་རྟ་ནེའུ་ལེ་མ་ཧེའི་ཤ། །བྱ་རོག་འུག་ཤ་སྟོང་ཕྲག་གཅིག་།བསྲེགས་པས་བསྒྲུབ་བྱ་འབྱེར་བར་ངེས། །བྲ་བོ་འབྲས་བུ་ར་ཤ་ཁྲག་།སྟོང་ཕྲག་གཅིག་གིས་ལྐུགས་པར་འགྱུར། །རྔ
iiif viewer powered by OpenSeadragon
26a - 27a