e-texts navigator
Collection
Volume
Page
Wylie

233b1 མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང་། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་མུན་པར་གྱུར་པ་རྣམས་ལ་སྣང་བ་བགྱི་བ་དང་། ལམ་ངན་པ་ལ་གནས་པ་རྣམས་ལ་ལམ་བསྟན་པ་ནས་ཁམས་གསུམ་གྱི་སེམས་ཅན་གྱི་ཁམས་ཐར་བར་བགྱི་བའི་སླད་དུ་བསམ
233b2 པ་དང་ལྷག་པའི་བསམ་པའི་སེམས་ཐམས་ཅད་ཀྱིས་སྙིང་རྗེ་ཆེན་པོ་མངོན་དུ་བགྱིས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས
233b3 བསྐྱེད་པ་དང་། སྐྱེད་པར་འགྱུར་བ་དང་། སྐྱེད་པ་དེ་ལྟར་བདག་གིས་ཀྱང་བསྐྱེད་པར་བགྱི་སྟེ། བསམ་པ་དང་། ལྷག་པའི་བསམ་པའི་རྒྱུད་དེས་དེ་ལྟར་བསྐྱེད་པར་བགྱིའོ། །གང་འགོག་པ་མ་མཆིས་པ་དང་། བསགས་པ་མ་མཆིས་པ་དང་། བསགས་པ་མ་ལགས
233b4 པར་བསྟན་པ་དང་། བསྒྲུབ་པ་མ་མཆིས་པ་དང་། རྟོག་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་པ་དེ་ལྟར་བསྐྱེད་པར་བགྱིའོ། །གང་ན་ལུས་མ་མཆིས་པ་དང་། ལུས་སུ་གདགས་པ་མ་མཆིས་པ་དང་། ངག་མ་མཆིས་པ་དང་། ངག་ཏུ་གདགས་པ་མ་མཆིས་པ་དང་།
233b5 སེམས་མ་མཆིས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མ་མཆིས་པ་དང་། རྣམ་པར་རིག་པ་མ་མཆིས་པ་དང་། དེ་བཞིན་ཉིད་དུ་མ་ལགས། ཆོས་ཀྱི་དབྱིངས་སུ་མ་ལགས། ཡང་དག་པའི་མཐར་མ་ལགས། སངས་རྒྱས་སུ་མ་ལགས། བྱང་ཆུབ་ཏུ་མ་ལགས་ཏེ། གང
233b6 དུ་འདི་དག་ཏུ་མངོན་པར་ཞེན་པ་མ་མཆིས་པ་དེ་ལྟར་བསྐྱེད་པར་བགྱིའོ། །ཀུན་རྫོབ་ལ་བརྟེན་ནས་སྡིག་པ་ཐམས་ཅད་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐུལ་མ་འདེབས་སོ། །སྡིག་པ་ཐམས
233b7 ཅད་བཤགས། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐུལ་མ་བཏབ་ནས་གཟུངས་འདི་དག་བརྗོད་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཙནྡན




iiif viewer powered by OpenSeadragon

233a - 234a

Texts on this page

D810 - 'phags pa yongs su bsngo ba'i rgyal po chen po sngags dang bcas pa