e-texts navigator
Collection
Volume
Page
Wylie

92a1 དུ་བཅུག་པ་དང་། དེ་བཞིན་དུ་དད་པ་དང་། ལྷ་བསྙེན་པ་ལས་གཞན་མ་ཡིན་པས་འགྲུབ་པར་མི་འགྱུར་རོ། །ཞེས་དེ་བཞིན་དུ་རྟོགས་པར་བྱའོ། །རྟོག་པའི་རྒྱལ་པོ་འདི་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་གཏོགས་པར་རྟོག་པ་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་རིག་པ་འདི
92a2 ནི་ཆོ་ག་རྒྱས་པར་བསྟན་པར་ལོ་བརྒྱ་ཕྲག་གིས་ཀྱང་དེ་དང་འདིས་མདོར་བསྡུས་ནས་བསྟན་པར་མི་ནུས་སོ། །ཆོ་ག་གཞན་རྣམས་སུ་ཡང་རིག་པ་འདི་སྒྲུབ་པའི་ཆོ་ག་དེ་ཐམས་ཅད་བསྒྲུབ་པར་བྱ་ཞིང་། དེ་བཞིན་དུ་གང་ངེས་པར་བརྗོད་པའི་ལས་རྣམས་སྒྲུབ་པར་བྱེད་དོ། །རྟོག་པའི་རྒྱལ་པོ
92a3 འདིར་རིག་པའི་སྔགས་དེ་རྣམས་དང་གང་སྔགས་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་རྣམས་ཁོ་ན་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་རབ་ཏུ་གསལ་བ་ལ་སོགས་པ་དང་། རྟོག་པ་གཞན་གྱི་ཆོ་གས་ཀྱང་བསྒྲུབ་པར་བྱའོ་ཞེས་པའོ། །དེ་རྟོག་པའི་རྒྱལ་པོ་འདིའི་སྒྲུབ་ཐབས་ཀྱི་སྤྱོད་པ་སྦྱིན་པ
92a4 དང་། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྣམ་པ་སྣ་ཚོགས་པ་ལ་སོགས་པ་དང་། དཀྱིལ་འཁོར་གྱི་ལས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པའི་རིག་པ་དང་། སྔགས་རྣམས་དང་། རྟོག་པ་ཐམས་ཅད་དུ་རྒྱས་པར་བསྟན་པའི་ཕྱག་རྒྱ་ཆེན་པོའི་ཆོ་ག་བཅུ་རྣམས
92a5 དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་ཆོ་ག་བརྒྱད་རྣམས་ཀྱང་མཉམ་པ་ཉིད་དུ་འགྱུར་རོ། །འདི་ལྟ་སྟེ་འཕགས་པ་ཀུན་ཏུ་བཟང་པོའི་རྟོག་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་གཞོན་ནུ་བཞི་པོའི་རྟོག་པ་དང་། ཡངས་པའི་རི་བོ་དང་། ཀུན་ཏུ་རི་བོ་དང་། འཇིག་རྟེན་གསུམ
92a6 ལས་རྣམ་པར་རྒྱལ་བའི་རྒྱུད་དེ། རྟོག་པ་ཆེན་པོ་ཐམས་ཅད་ཀྱི་སྤྱོད་པའི་ཆོ་ག་རྣམས་སུ་མཉམ་པ་ཉིད་དུ་འགྲོ་བར་བྱེད་དོ། །དེ་བཞིན་ཁོ་ནར་བདག་གིས་བརྗོད་པ་དེ་དང་། སངས་རྒྱས་མཐའ་ཡས་པས་གསུངས་པའི་རྟོག་པའི་རྒྱལ་པོ་བདེ་བླག་ཏུ་བསྒྲུབ་པར་བྱ་སྟེ་མཐའ་ཡས
92a7 པའི་བྱང་ཆུབ་ཀྱི་ཕ་རོལ་ཏུ་འགྲོའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཐམས་ཅད་ཐུན་མོང་པའི་ཆོ་གའི་རིག་པའི་ལེའུ་རབ་འབྱམ་རྫོགས་སོ།། །།ཕྱག་རྒྱའི་ལེའུ་བྲི་བར་བྱའོ། །




iiif viewer powered by OpenSeadragon

91b - 92b

Texts on this page

D724 - ral pa gyen brdzes kyi rtog pa chen po