e-texts navigator
Collection
Volume
Page
Wylie

85b1 པར་ལྡན་པ་རྣམས་ཀྱིས་དུ་བ་དང་སོལ་བ་ལ་སྟོང་ཕྲག་བརྒྱད་བཟླས་ན་རྒྱལ་པོའི་བཙུན་མོའམ། བློན་པོ་འམ། མིང་ནས་སྨོས་པ་དེ་དབང་དུ་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དྲི་དང་། མེ་ཏོག་དང་བདུག་ཕུལ་ནས་བཅོམ་ལྡན་འདས་མ་ལ་མཆོད་པ་བྱ
85b2 སྟེ། སྣ་མའི་མེ་ཏོག་དང་། ཨུཏྤལ་སྔོན་པོའམ། གཞན་པའི་མེ་ཏོག་རྣམས་གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་པ་དེ་དབང་དུ་འགྱུར་རོ། །གྲུབ་པའི་འདོད་མ་དབང་དུ་བྱེད་པ་ལ་ཏིལ་ནག་པོ་བཙུན་མོའི་མཆོག་དབང་དུ་བྱེད་པ་ལ་པྲི་ཡང་ཀུ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ
85b3 ལ་སཱ་ལུ་དམར་པོ་གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །གཞོན་ནུ་མའི་མིང་ནས་སྨོས་ཏེ་མེ་ཏོག་གེ་སར་གྱིས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །འོ་མ་དང་འོ་ཐུག་དང་མར་དང་སྦྲང་རྩིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་གང་གི
85b4 མིང་ནས་འབོད་པ་དེ་རྒྱས་པ་ཅན་གྱི་ལས་སོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་རིང་བསྲེལ་ཅན་གྱི་མཆོད་རྟེན་ནམ། སྐུ་གཟུགས་སམ། རས་རིས་ཞལ་ནུབ་ཏུ་ཕྱོགས་པའི་རས་རིས་ཀྱི་སྤྱན་སྔར་རོ། །སྔོན་གྱི་མཐའ་མ་རིའི་རྩེ་མོར་ཀུ་ཤ་དང་བིལ་བའི་ཡམ་ཤིང་གིས་མེ
85b5 སྦར་ནས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་པདྨ་ཁ་རྒྱས་པར་བྱེ་བའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ། ཨ་ག་རུ་དང་། ཀུན་ཏུ་རུ་ཀ་དང་། ཤྲི་བེཥྚ་ཀ་རྣམས་ཀྱི་བདུག་སྤོས་དང་། འོ་མ་དང་ཞོའི་གཏོར་མ་དབུལ་བར་བྱ་ཞིང་རྣམ་པ་གཞན་དུ་བགེགས་རྣམས་ལ་འབྱུང་པོ་ཐམས
85b6 ཅད་པའི་གཏོར་མ་སྦྱིན་ནོ། །དེ་ནས་བརྒྱད་པ་ལ་མངའ་བདག་ཏུ་འགྱུར་རོ། །འོ་མ་དང་ནས་ཟན་ཟ་བས་པདྨ་དཀར་པོ་ཁ་རྣམ་པར་རྒྱལ་བའི་སྦྱིན་སྲེག་བྱས་ན་གཏེར་ཆེན་པོའམ་ཡུལ་རྙེད་དོ། །མེ་ཏོག་སེར་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པས་མེ་ལ་སྦྱིན
85b7 སྲེག་བྱའོ། །ཡུལ་གྱི་རྗེ་པོར་འགྱུར་རོ། །མཚན་མོ་གསུམ་དུ་ཕྱེ་ཟ་བར་མཚན་མོ་གསུམ་དུ་སྦྱིན་སྲེག་བྱའོ། །དེ་བཞིན་དུ་སྟོང་ཕྲག་བདུན་བརྒྱས་མཚམས་མེད་པ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ། །ཡམ་ཤིང་དེ་ཉིད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས




iiif viewer powered by OpenSeadragon

85a - 86a

Texts on this page

D724 - ral pa gyen brdzes kyi rtog pa chen po