| | e-texts navigator
|
15a1 བའི་སྔགས་ཀྱི་རྒྱལ་པོ་ཆེན་པོའོ། །འདི་རྟག་ཏུ་བཟླས་པས་ནད་ཐམས་ཅད་མེད་པར་འགྱུར་རོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ། ལེ་བརྒན་རྩིའི་ཆུ་དང་འདྲེས་པའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རས་རིས་འདྲིར་གཞུག་པར་བྱའོ། །
15a2 དཀར་པོ་རལ་པ་གྱེན་དུ་བརྫེས་པ་ཕྱག་ན་པདྨ་བསྣམས་པ། པདྨའི་གདན་ལ་ཉེ་བར་འདུག་པ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པའོ། །དེ་ནས་གཙང་མའི་ཕྱོགས་སུ་བཞུགས་ནས། འདི་ཉིད་ཀྱི་དྲི་དང་། མེ་ཏོག་དང་། བདུག་པ་སྲེག་ཅིང་འབུམ་ཕྲག་ལྔ་བཟླས་པར་བྱའོ། །
15a3 དེ་ནས་ཙནྡན་དཀར་པོ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱའོ། །དེ་མ་ཐག་ཏུ་རྒྱལ་སྲིད་རྙེད་དོ། །མ་གྲུབ་ན་གྲོང་གཅིག་གོ། །རས་རིས་ཀྱི་སྤྱན་སྔར་པ་ལཱ་ཤའི་འམ། ཨ་ག་རུ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱས་ན་གོས་བྱེ་བ་བརྒྱ
15a4 རྙེད་དོ། །ལེ་བརྒན་རྩིའི་སྲེག་བླུགས་འབུམ་བྱས་ན་གཏེར་མཐོང་ངོ་། །གང་བསྟན་པ་ཟླ་བ་གཅིག་ཏུ་བཟླས་ན་དེའི་དོན་རྙེད་དོ་ཞེས་པ་སྟེ་འདོད་པས་ཉེ་བར་གཞག་པ་མ་གཏོགས་སོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང
15a5 ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་པདྨ་གཟི་བརྗིད་ཅེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོར་དཔལ་བེའུ
15a6 ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བ་སུ་ར། མ་ར། བ་ན། གྷུ་གྷུ། ནཾ་པ་རཾ། པཱ་ར་ཡ་ནཾ། ཨེ་ཧི་ཨེ་ཧི། བུ་དྷྱ་བུདྷྱ། བོ་དྷྱ་ཡེ་སྭཱ་ཧཱ།
15a7 འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ། དཔལ་བེའུ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་དྲན་པ་ཙམ་གྱིས་ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་པའོ། །འདིའི་ཆོ་ག་ནི་གུར་གུམ་དང་བསྲེས་པའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ། །
iiif viewer powered by OpenSeadragon
14b - 15b