| | e-texts navigator
|
14a1 ན་གྲོང་ཁྱེར་ཆེན་པོ་རྙེད་དོ། །ཏིལ་གྱི་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་གྲོང་གཅིག་རྙེད་དོ། །འབུམ་ཕྲག་ལྔ་སྦྱིན་སྲེག་བྱས་ན་ནོར་སྦྱིན་པ་དང་མཆོག་སྦྱིན་པར་བྱེད་ཅིང་། དེ་དབང་དུ་བྱེད་དོ། །དུང་ལ་བརྒྱ་བཟླས་པ་ཉིད་ཀྱིས་དོན་ཐམས་ཅད་ཐོབ་པར
14a2 འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པའི་རྒྱུད་ཆེན་པོ་རས་རིས་ཀྱི་གནས་ཡོངས་སུ་རྫོགས་སོ།། །།སླར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡངས
14a3 པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་པདྨའི་མཐའ་ཞེས་པའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བྱ་ཛ་ནི། བེ་ཛ་ནི། བེ་ཛ་ཧ་ཏེ། པདྨ་ཥཎྜ་ནི།
14a4 པཱ་སཱི་ནི་བུདྡྷེ། བུདྡྷཱ་ཡ། པ་རཾ་པ་རཱ་ཡ། སརྦ་ག་ཏི་བི་ཛ་ཡཱ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་པདྨའི་མཐའ་ཞེས་བྱ་བའི་རིག་པ་ཆེན་པོ་སྟེ་འདི་རྟག་ཏུ་བཟླས་པས་ཕྱིར་བཟློག་པར་འགྱུར་ཞིང་ནད་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ནས་འདིའི་སྒྲུབ
14a5 ཐབས་ཀྱི་ཆོ་གར་འགྱུར་ཏེ་གྲོ་གའི་འདབ་མ་ལ་གི་བང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། པདྨ་ལ་བཞུགས་པ་ཐམས་ཅད་དཀར་པོ་རལ་པ་གྱེན་དུ་བརྫེས་པ་ཕྱག་གཡོན་པས་པདྨ་དང་། གཡས་པས་རིལ་བ་སྤྱི་བླུགས་བསྣམས་པའི་ཕྱག
14a6 གོ། །དེ་ནས་རས་རིས་གཙང་མའི་གནས་སུ་བཞུགས་སུ་གསོལ་ནས་འདི་ཉིད་ཀྱིས་དྲི་དང་བདུག་པ་ལ་སོགས་པ་ཐམས་ཅད་བྱ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མཐར་ཉིན་མཚན་དུ་སྨྱུང་བར་གནས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་བཅོམ་ལྡན
14a7 འདས་ལ་མེ་ཏོག་སྟོང་ཕྲག་བརྒྱད་ལ་ལན་རེ་བཟླས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་བསྣུན་པར་བྱའོ། །དེ་ལྟར་ཇི་སྲིད་དུ་སྟོང་ཕྲག་བརྒྱད་ཅུ་རྫོགས་པའི་མཐར་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྲོད་ནས་བརྩམས་ཏེ་བཟླས་པར་བྱའོ། །དེ་ནས་ནམ་མཁའ་ལས་གྲུབ་བོ་ཞེས་པའི་ཚིག
iiif viewer powered by OpenSeadragon
13b - 14b