| | e-texts navigator
|
12b1 ཤིང་ངམ་ཁྱིམ་ལ་སོགས་པ་ལ་དཀྲི་བར་བྱའོ། །གདུག་པ་ཐམས་ཅད་བཅིངས་པར་འགྱུར་རོ། །གདུག་པའི་སེམས་དང་སེམས་ཅན་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ། །རྣ་བའི་མིག་སྨན་སྒྲུབ་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་སྟོང་ཕྲག་རྫོགས་པའི་སྲེག
12b2 བླུགས་བྱས་ནས་ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཞག་ནས་དུ་བ་འཐུལ་ན་དེ་རྣམས་རྒྱལ་བའི་སྤྱན་དང་མཚུངས་པར་འགྱུར་རོ། །ལོ་སྟོང་ཕྲག་གསུམ་དུ་འཚོ་བར་བྱེད་དོ། །རས་རིས་ཀྱི་སྤྱན་སྔར་པདྨ་དཀར་པོ་འབུམ་ཕྲག་གསུམ་དབུལ་བར་བྱའོ། །རྒྱལ་སྲིད་རྙེད་དོ། །
12b3 མ་གྲུབ་ན་ཡུལ་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ། འཁོར་བའི་སྣ་ཐག་གྲོལ་བར་བྱེད་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།
12b4 དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོ་ཆེན་པོར་ཡི་གེ་བཅུ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་འདི་གསུངས་སོ། །
12b5 ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ད་ཤ་ནི། ཀ་ར་ཎི། བི་ཀ་ར་ཎི། བི་དྷུ་ལི། བཱི་ལ་ཡ་སྭཱ་ཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་ཡི་གེ་བཅུ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྟག་ཏུ
12b6 སངས་རྒྱས་བཅུ་གཅིག་ལའང་འདི་བདག་གིས་སྔོན་བཤད་པ་སྟེ་རྟག་ཏུ་བཟླས་པས་གསེར་རྙེད་དོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི་སྒྲུབ་པའི་ཆེད་དུ་འགྱུར་ཏེ། སྔར་བརྗོད་པའི་རས་རིས་ནཱ་ག་གེ་སར་གྱི་ཕྱེ་མ་དང་པ་ལི་ཀ་བསྲེས་པས་འདྲིར་གཞུག་སྟེ། པདྨའི་གདན་ལ
12b7 བཞུགས་པ། བསམ་གཏན་སྒོམ་པ། ཕྱག་ན་པདྨ་བསྣམས་པ། ཕྱག་གཡས་པས་བགྲང་ཕྲེང་བསྣམས་པ། སྐུ་མདོག་དཀར་པོའོ། །སྒྲུབ་པ་པོ་ཡང་སྔར་བཞིན་ནོ། །རས་རིས་དང་པོའི་གནས་སུ་བཞག་ནས། འབུམ་ཕྲག་ལྔ་བཟླས་པར་བྱའོ། །སྔོན་དུ་བསྙེན
iiif viewer powered by OpenSeadragon
12a - 13a