| | e-texts navigator
|
300a1 མཚུངས་པ་དང་། ལོ་སྟོང་ཕྲག་བཅུར་འཚོ་ཞིང་འཁོར་ལོས་སྒྱུར་བ་ཡང་འདྲེན་པར་འགྱུར་རོ། །རྡོ་རྗེའི་ལག་པར་རྣམ་པར་རྒྱུ་སྟེ། དེ་བཞིན་དུ་པདྨ་དང་དགྲ་སྟ་ལག་པའི་ཆོ་གས་ཡང་ངོ་། །དེ་ནས་རིལ་བུ་སྒྲུབ་པར་འདོད་ན་སྔོན་དུ་བསྙེན་པ་བྱས་ཏེ་ལོར་སྐྱེས་པའི
300a2 སྡིགས་མཛུབ་ཀྱི་སོར་མོ་བླངས་ནས་སྔར་གྱི་ཆོ་གས་མཆོད་རྟེན་བྱས་ཏེ་དུར་ཁྲོད་དུ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཁ་ཤར་དུ་ཕྱོགས་པས་རབ་ཏུ་ཞུགས་ལ་དེ་སྲིད་དུ་སོར་མོ་ངེས་པར་རིག་བྱ་སྟོན་པས་མནན་ནས་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་དེ་སྲིད་དུ་བཟླས་པ་བྱའོ། །ཉིན་མོ་ནམ་མཁའི་རླུང་ལ
300a3 བསྲུང་བ་བྱ་ཞིང་། མཚན་མོ་གཉིད་མི་ལོག་པར་ཐོ་རངས་ཇི་སྲིད་དུ་སོར་མོ་རྣམས་དགུག་པར་བྱའོ། །བཀུག་པའི་གནས་དེར་མཚན་མོ་གསུམ་དུ་སྨྱུང་བར་གནས་པ། །བ་དང་བེའུ་རྒྱུད་མཚུངས་པ། གྲགས་པ་དང་ལྡན་པའི་འོ་མ་བླངས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཙནྡན་གྱི
300a4 མཎྜལ་དང་། མར་གྱི་མར་མེ་རབ་ཏུ་སྦར་ནས་ཀུ་ཤའི་ཁྲེས་ལ་འདུག་སྟེ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས་སའི་སྣོད་དུ་འོ་མ་བླུག་པར་བྱ་ཞིང་། ཐལ་བས་ཀྱང་དཀྱིལ་འཁོར་བཅིངས་ལ་ཐོ་རངས་ཁྲུས་བྱས་ནས་སྔར་འདི་ཉིད་ཀྱིས་ངེས་པར་བསྲུབས་པའི་མར་སར་བླངས
300a5 ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་ནས་མ་རེག་པ་ཟོས་ནས་མཐོང་བ་ཞེས་བྱ་སྟེ། འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ། །གྲོལ་བར་འདོད་ན་གནས་ལ་ཕན་པའི་དྲི་ཐམས་ཅད་ལ་སོགས་པ་ལ་དཔའ་བོའི་རིན་གྱིས་ཉོས་ཏེ་མཚན་མོ
300a6 གསུམ་དུ་སྨྱུང་བར་གནས་པར་བྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ནས་རང་ཉིད་སྔགས་ཟློས་ཤིང་བརྟག་པར་བྱའོ། །དེ་ནས་གཟུགས་བརྙན་བྱས་ནས་ཨ་ཤྭཏྠའི་འདབ་མ་བདུན་གྱི་སྟེང་དུ་བཞག་ནས་བཅོམ་ལྡན་འདས་ཀྱི་སྤྱན
300a7 སྔར་ཇི་སྲིད་དུ་རང་གི་རིག་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ཕྱེ་མར་བྱས་ནས་ཕྱེ་མ་དེས་ཀུན་དུ་རེག་པ་དེ་དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་ནཱ་ག་གེ་སར་གྱི་ཕྱེ་མ་ལ་གཟུགས་བརྙན་བྱས་ཏེ། བདུག་པའི་ཁམ་ཕོར་བརྒྱད་བརྒྱར་སྦྱིན་སྲེག་བྱས་ན་གང་ལ་རྗེས་སུ་སེམས
iiif viewer powered by OpenSeadragon
299b - 300b