e-texts navigator
Collection
Volume
Page
Wylie

230b1 འཁོར་ཐམས་ཅད་དང་། གསང་སྔགས་སྤྱོད་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ངེས་པར་བསྟན་ཏེ་བགེགས་ཐམས་ཅད་འཇིག་པར་བྱེད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང
230b2 ཕྱུག་གིས་ཕྱག་གཡས་པ་བཏེག་ནས་ཁྲོ་བོའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་སུ་གསོལ། གང་ལ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའ་མཐའ་ཡས
230b3 ཤིང་མུ་མེད་པའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་དམ་ཚིག་ལ་ལྷག་པར་གནས་པར་གྱིས་ཤིག་། དེ་སྐད་ཅེས་སྨྲས་ནས་ཁྲོ་བོའི་རྒྱལ་པོ་དེ་བསྐོར་ནས་བཏང་བར་གྱུར་ཏོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་བཏང་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན
230b4 ག་ཡི་ཁམས་དག་ཏུ་སོང་ནས་སྐད་ཅིག་ཙམ་གྱིས་གདུག་སེམས་ཅན་གྱི་སེམས་ཅན་རྫུ་འཕྲུལ་ཆེན་པོ་དེ་རྣམས་ཚར་བཅད་ཅིང་བཀུག་ནས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དག་པའི་སེམས་ཅན་ལ་ཡང་དག་པར་བཅུག་སྟེ་གནས་ཇི་ལྟ་བ་བཞིན་དུ་གནས་པར་བྱས་ནས་སེམས
230b5 ཅན་གདུག་པ་རྣམས་ཀྱི་སྤྱི་བོར་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པར་གྱུར་ནས་གནས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་སླར་ཡང་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་སེམས་ཅན
230b6 ཁྱེད་ཅག་ཐམས་ཅད་ཉོན་ཅིག་། གང་ཡང་ངའི་དམ་ཚིག་འདི་ལས་འདའ་བར་བྱེད་པ་དེ་ལ་ཁྲོ་བོའི་རྒྱལ་པོས་ཚར་གཅོད་པར་འགྱུར་ཏེ། གང་གི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རིག་སྔགས
230b7 དང་། གསང་སྔགས་ཀྱི་དོན་གྱི་ཚིག་གསང་ཆེན་ཇི་ལྟར་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཏིང་ངེ་འཛིན་ངེས་པར་བསྟན་པ་འཆད་པར་བྱེད་དོ། །དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་ཟུང་ཤིག་དང་། ངས་བཤད་དོ། །




iiif viewer powered by OpenSeadragon

230a - 231a

Texts on this page

D724 - ral pa gyen brdzes kyi rtog pa chen po