e-texts navigator
Collection
Volume
Page
Wylie

225b1 སུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་ཚོགས་རྣམས་ཀྱི་ནང་ནས་ལྷའི་བུ་རིན་པོ་ཆེ་པདྨའི་དྲ་བས་བརྒྱན་པ་ཞེས་བྱ་བ་བཞེངས་ཏེ་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད
225b2 ཅེས་སྨྲས་སོ། །ཀྱེ་མ་མགོན་པོ་ཐུགས་རྗེ་ཅན། །རིག་སྔགས་འཆང་བའི་ཚོགས་དང་བཅས། །ཆེ་བའི་བྱིན་བརླབས་ལྡན་པ་རྣམས། །སྒྲ་སྒྲོགས་སྙེམས་པ་གཞོམ་པ་དང་། །ཉོན་མོངས་རྩད་ནས་གདོན་པ་དང་། །སེམས་ཅན་རྣམས་ལ་ཕན་པ་དང་། །བདག་ལ་ཤིན་ཏུ
225b3 སྨན་པའི་ཕྱིར། །སྐུ་དང་རྗེས་སུ་མཐུན་པ་ཡི། །རིག་སྔགས་སྦྱོར་བ་ཁྱད་པར་ཅན། །སྙིང་པོ་དམ་པ་བཤད་དུ་གསོལ། །དེ་ཚེ་འཁོར་ཚོགས་ཐམས་ཅད་ཀྱིས། །མཁའ་ཕྱོགས་མེ་ཏོག་ཆར་གྱིས་བཀང་། །བཅོམ་ལྡན་ཐུབ་པའི་དབུ་ལ་ནི། །རིན་ཆེན་མེ་ཏོག་གདུགས་སུ
225b4 གྱུར། །ལྷ་རྣམས་གཙང་མར་སྦྱར་བ་ཡི། །ཡོན་ཆབ་བདུག་སྤོས་དྲི་དང་བཤོས། །ཅི་འབྱོར་དད་པའི་སྟོབས་ཀྱིས་ཕུལ། །ཐུབ་པས་ནམ་མཁའི་མཛོད་དུ་བརླབས། །ལྷ་ཡི་བུ་མོ་དུ་མ་ཡིས། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །ལྡ་ལྡི
225b5 ན་བཟའ་དུ་མས་མཆོད། །དེ་ནས་མགོན་པོ་སྤྱན་རས་གཟིགས། །པདྨ་གཞོན་ནུའི་ཞལ་མངའ་བས། །བཞེངས་འཛུམ་ཐལ་མོ་སྦྱར་ནས་ནི། །སྟོན་པ་ལ་ནི་འདི་སྐད་གསོལ། །སྒྲ་སྒྲོགས་བཞིན་གྱིས་སྙེམས་པ་དང་། །མདའ་དང་རྩལ་གྱིས་དྲེགས་པ་སྟེ། །འདི་ནི་ལེགས
225b6 བརྩམས་ལས་བྱུང་མིན། །ཤིན་ཏུ་ལོག་པ་ལས་ཀྱང་མིན། །སྔོན་དུས་སངས་རྒྱས་གདོང་མཛེས་ཀྱི། །བསྟན་པ་ལ་ཡང་མགོ་བཏང་བའི། །བསོད་ནམས་གྲངས་ཀྱིས་བྱུང་བ་ཡིན། །ལག་པ་དུ་མར་འཁྲུལ་པ་ནི། །ཟས་དང་སྣོད་དང་གོས་ནོར་རྒྱན། །བསྐལ་པ་བཞི་བཅུའི
225b7 མཆོད་སྦྱིན་ཏེ། །དེ་ནས་རྩལ་དང་ཤུགས་ཀྱང་ཡིན། །མདའ་ནི་བྷྲིང་གི་རི་ཏི་ཡི། །བྱིན་བརླབས་སྔོན་དུ་བྱེད་མོད་ཀྱང་། །གྲངས་མེད་ཚུལ་ཁྲིམས་བྲལ་བས་ནི། །སྲིན་པོའི་རིགས་སུ་འཁྲུངས་པ་དང་། །འཁོར་བཅས་གཞན་ལ་གནོད་གྱུར་ཡིན། །ངས་ནི་ངང་ཚུལ་རྨད་བྱུང




iiif viewer powered by OpenSeadragon

225a - 226a

Texts on this page

D681 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba